འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་དུ་བསྒྱུར་བའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་བོད་སྐད་ཡིག་བརྒྱུད་
    སྤེལ་གྱི་མྱུར་ལམ་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “བོད་དུ་ལས་ཀར་བསྐྱོད་པའི་སློབ་ཆེན་སློབ་མ་ཞིག་གི་ངོས་ནས་མ་མཐར་རྒྱུན་གཏན་འཚོ་བའི་ཉེར་སྤྱོད་བོད་སྐད་ཚིག་འགའ་ཤེས་ཚེ། བོད་རིགས་སྤུན་ཟླ་དང་འབྲེལ་བ་ཡག་ཏུ་སོང་ནས་གྲོགས་པོ་འགྲིག་བདེ་པོ་ཡོད”ཅེས་2014ལོར་ཤེས་ལྡན་པ་གདན་དྲངས་པའི་མིང་ཐོག་ནས་བོད་དུ་ལས་ཀར་ཡོང་བའི་སི་ཁྲོན་གྱི་སློབ་ཆེན་སློབ་མ་ཅང་ཆིན་གྱིས་དེ་ལྟར་བཤད།
         བོད་སྐད་ཡག་པོ་ཤེས་ཆེད། ཅང་ཆིན་གྱིས་དང་ཐོག་ལྷ་སའི་དམངས་གཉེར་སྐད་ཡིག་སློབ་གྲྭ་ཞིག་ལ་བོད་སྐད་སྦྱངས། དེ་ནས་རྨང་གཞི་ངེས་ཅན་ཞིག་བཏིང་རྗེས་བོད་སྐད་ཀྱི་པར་གཞི་འགྱུར་མར་བལྟས་ནས་སློབ་སྦྱོང་བྱས་ཚེ་སྦྱོང་སླ་བ་དང་སྟབས་བདེ་པོ་ཡོད་པ་ཤེས་རྗེས། ཁོ་མོས་དགོང་ལྟར་བརྙན་འཕྲིན་གྱི་བོད་སྐད་སྲུང་སྐར་འཕྲིན་ལམ་བལྟ་རྒྱུར་བསྒུགས་ནས་སྡོད་ཀྱི་ཡོད། ཉེ་ཆར་ཁོང་གིས་བོད་སྐད་ཀྱི་འགུལ་རིས་པར་གཞི་《སྤུན་ཟླ་ཧའེ་འར་》ཞེས་པ་ལྟ་བཞིན་ཡོད།
         1999ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གཏོང་འགོ་ཚུགས་པ་དང་། 2007ལོའི་ཟླ་9པར་སྲུང་སྐར་འཕྲིན་ལམ་དེ་ཉིན་མཚན་དབྱེར་མེད་དུ་སྟོན་ཐུབ་པ་བྱུང་། 2010ལོར་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བོད་སྐད་ལེ་ཚན་སྒྱུར་བཟོ་ལྟེ་གནས་ཀྱི་ཐོག་ཁང་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ད་ཆ་ལོ་ལྟར་རླུང་འཕྲིན་ལེ་ཚན་ཆུ་ཚོད་10000སྒྱུར་བཟོ་བྱས་པ་དང་། བརྙན་འཕྲིན་ལེ་ཚན་ཆུ་ཚོད་900 བརྙན་འཕྲིན་འཁྲབ་ཚན་འགྱུར་མ་ཆུ་ཚོད་1000དང་། གློག་བརྙན་འགྱུར་མའི་གཏམ་རྒྱུད་པར་གཞི་60 ཚན་རིག་ཁྱབ་གདལ་སློབ་གསོའི་པར་གཞི་20བཅས་བསྟན་ཡོད།
         ཉེ་བའི་ལོ་ཤས་ནང་བོད་ལ་འོས་འགན་སློབ་གསོ་ཁྱབ་གདལ་ཤུགས་ཆེན་བྱུང་ནས་ན་གཞོན་ཕལ་ཆེ་བས་རྒྱའི་སྐད་ཡིག་གོ་བ་དང་ཤོད་ཐུབ་ནའང་། ལོ་ན་མཐོ་བའི་རྒན་རྒོན་དང་རྒྱ་ཆེའི་ཞིང་འབྲོག་པས་རྒྱ་སྐད་གོ་ཤེས་ཐུབ་རྒྱུ་ཞན་པོ་ཡོད། “གལ་སྲིད་ངས་སྐུ་ཁམས་བཟང་ཞེས་བོད་སྐད་བརྒྱབ་ནས་ཡུལ་མི་ཚོར་འཚམས་འདྲི་བྱས་ཚེ། ཁོང་ཚོས་སེམས་གཏིང་ནས་མོས་པ་བྱེད་ཀྱི་རེད། ཞིང་འབྲོག་ཁུལ་དུ་ཞིང་ཕྱུག་སྲིད་ཇུས་དང་ཞིང་ལས་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བའི་སྐབས་བོད་སྐད་བཤད་ཚེ་ཁོང་ཚོས་འཕྲལ་མར་དང་ལེན་བྱེད་ཐུབ་ཀྱི་འདུག”ཅེས་ཅང་ཆིན་གྱིས་གསར་འགོད་པར་བཤད་བྱུང་།
         བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་ལ་ཉེ་བའི་ལོ་ཤས་ནང་རྒྱ་རིགས་ལས་བྱེད་པས་བོད་སྐད་སྦྱོང་བ་དང་བོད་རིགས་ལས་བྱེད་པས་རྒྱ་སྐད་སྦྱོང་བའི་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའ་ཁོའི་ཡི་ཀྲུའུ་རེན་སུའུ་ཏུང་མའེ་ཡིས་རྨང་གཞིའི་བོད་སྐད་དང་རྒྱུན་སྤྱོད་ཀྱི་བུད་མེད་དང་བུ་བཙའ་ཁོའི་ཡི་བོད་སྐད་ཐ་སྙད་འགའ་ཤེས་རྒྱུ་དགོས་གལ་ཆེན་པོ་འདུག “ནད་པས་བོད་སྐད་གོ་ཚེ་དངངས་སྐྲག་དེ་ཙམ་བྱེད་ཀྱི་མི་འདུག”ཅེས་གསར་འགོད་པར་བཤད་བྱུང་།
         བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་ཅུས་ཀྱི་ཅུས་ཀྲང་གཞོན་པ་མིག་སྒྲོན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་གློག་བརྙན་སྣ་ཚོགས་2000ལྷག་ཙམ་དང་། བརྙན་འཕྲིན་འཁྲབ་ཚན་50ལྷག་ཙམ་བསྒྱུར་ཡོད་པ་མ་ཟད། གྲོང་ཁྱེར་གྲངས་འཛིན་གློག་བརྙན་ཁང་6བརྒྱབ་པས་ལོར་སྤ་སེ་འཚོང་ཚད་སྒོར་ཁྲི་5000ལ་ཉེ་བ་ཡོང་གི་ཡོད་ཅེས་གསར་འགོད་པར་བཤད།
         ངོ་སྤྲོད་བྱས་པ་ལྟར་ན། ད་ཆ“བོད་སྐད་འགྱུར་མ”གློག་བརྙན་དང་། བརྙན་འཕྲིན་འཁྲབ་ཚན། ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན། གསར་འགྱུར་ལེ་ཚན་སོགས་ཚང་མར་ཁྱབ་པ་དེས་བོད་རིགས་མང་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་མ་ཟད། བོད་དུ་ལས་ཀར་འགྲོ་མཁན་དང་བོད་སྐད་སྦྱོང་རྒྱུར་དགའ་བ་རྣམས་ལ་སློབ་སྦྱོང་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།