འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།“མེ་ཏོག་གཅིག་ལས་འཇིག་རྟེན་གཉིས་མཚོན་པ”

    ཝང་ཡུན་སུང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉིན་མཚན་གང་ཡིན་རུང་ཆུ་ཐ་ཁང་དང་ཀོག་ཧྥེའི་ཁང་ནི་ཁེ་རོའི་འཁྲུག་ཆ་དོད་ཤོས་ཀྱི་ས་ཆ་ཡིན་པ་དང་རྒན་རྒོན་ཡིན་ནའང་འདྲ་ན་གཞོན་ཡིན་ཡང་རུང་ཚང་མས་ཆུ་ཐ་ཧུའུ་གང་སྤོར་བ་དང་པ་ཏི་ཕོར་པ་གང་སྦངས་ཏེ་ཉིན་གང་སྐྱེལ་བཞིན་གྲོགས་པོ་ཁ་ཤས་མཉམ་འཛོམས་ཀྱིས་ཨ་རབ་ཀྱི་སྲོལ་རྒྱུན་མིག་མངས་རྩེ་གིན་དགའ་སྤྲོའི་ངང་རོལ་གྱི་ཡོད།
         ཁེ་རོའི་སྐད་གྲགས་ཆེ་ཤོས་ཀྱི་ཧ་ལི་ལི་ཁྲོམ་རར“ཕེ་ས་ཝེ”ཞེས་པའི་ཀོག་ཧྥེའི་ཁང་ཞིག་ཡོད་པ་དེ་མངོན་གསལ་དེ་ཙམ་དོད་པོ་མེད་རུང་དེ་ནི་ཨེ་ཅིབ་ཀྱི་རྩོམ་རིག་མཁས་ཅན་ནོར་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་མ་ཧེ་ཕུ་ཙེས་དགའ་ཤོས་བྱ་ཡུལ་ཞིག་རེད། ཀོག་ཧྥེ་ཁང་དེ་ལྟ་བུའི་ནང་ཁོང་གིས་ཨེ་ཅིབ་ཀྱི་སྲང་ལམ་འཚོ་བར་ལྟ་ཞིབ་ཞིབ་ཕྲ་བྱས་ཏེ་སེམས་ནུས་དང་སྨྱུག་རྩེར་བརྟེན་ནས་ཁེ་རོ་བའི་གྲོང་མི་དཀྱུས་མའི་གཏམ་རྒྱུད་བརྩམས་པ་དང་《ཕོ་བྲང་ཁྲོམ་གཞུང་》དང་། 《ཕོ་བྲང་དྲན་པའི་ཁྲོམ་གཞུང》《བདུད་རྩི་ཁྲོམ་གཞུང་》བཅས་བརྩམས་སྒྲུང་ཁག་གསུམ་བརྩམས་ཡོད། དེས་ན་སྲང་ལམ་དེ་ནས་བར་ཐག་མི་རིང་བའི་སར་ཨ་རབ་འཛམ་གླིང་གི་སློབ་གླིང་མཐོ་ཤོས-ཨེ་ཙི་ཧའར་དབྱི་སི་ལམ་ཕྱག་ཁང་(ཨེ་ཙི་ཧའར་སློབ་ཆེན)གནས་པ་དང་དེ་གར་ནི་ས་ཆ་དེ་དང་རྦད་དེ་མི་འདྲ་བའི་ཉམས་འགྱུར་གཞན་ཞིག་ལྡན་ཡོད།
          ཆོས་དཔོན་གྱི་བཀའ་གཞིར་བཟུང་ཅུང་ཟད་འདུ་འཛི་ཆེ་བའི་ཧ་ལི་ལི་ཁྲོམ་ར་བརྒྱུད་སྤྱི་ལོ་970ལོར་བསྐྲུན་པའི་གནའ་བོའི་དབྱི་སི་ལམ་ཕྱག་ཁང་དེར་འཛུལ་སྐབས། མཐའ་འཁོར་དུ་དེ་མུར་ཁ་ཁུ་སིམ་པོར་གྱུར་བའི་ཚོར་སྣང་ཞིག་ཡོད་ཅིང་། མི་རྣམས་དལ་པོའི་ངང་དབྱི་སི་ལམ་ཕྱག་ཁང་གི་ཡངས་པའི་སྒོ་རའི་ནང་བསྐྱོད། ཨེ་ཅིབ་ཏུ་རྟག་པར་ཉི་འོད་རབ་རུ་འཚེར་བ་དང་ཕྱག་ཁང་གི་ཟུར་ཞིག་ཏུ་བར་ཁྱམས་ཀྱི་ཀ་བར་བསྙེས་ནས་སྡོད་སྐབས་ལྷགས་བསིལ་དང་བཅས་ངོ་གདོང་ལ་ཉི་འོད་འཕྲོ་བ་དེ་ལས་མི་ཚོར་བློ་བག་ཕེབས་པའི་ཚོར་སྣང་ཞིག་སྦྱིན་བཞིན་ཧ་ལི་ལི་ཁྲོམ་རའི་ཚོང་ཟོག་ཁྲ་ཆིལ་སྦ་ཆིལ་དང་ཆུ་ཐར་དབྱིངས་བཞུགས་པ་ལས་བྱུང་བའི་འཚབ་འཚུབ་ཀྱི་ངང་ཚུལ་ཡུད་ཙམ་རིང་འཇལ་ཡལ་བ་ལྟར་གྱུར། རིང་མིན་གྱི་ས་ནས་《ཁུ་རན་གསུང་རབ་》གྱེར་འདོན་བྱེད་པའི་སྒྲ་གྲགས་པ་དང་དེ་གར་ཅི་སའི་གཏོར་གཟུགས་མཆོད་རྟེན་དང་འདྲ་གི་མེད་ལ་ལུའུ་ཁེ་སུའོ་ཡི་ལྷ་ཁང་དང་མི་འདྲ་བར་ཡུལ་སྐོར་བས་ཁེངས་ཡོད། དེས་ན་ཨེ་ཙི་ཧའར་དབྱི་སི་ལམ་ཕྱག་ཁང་དེར་ལོ་རྒྱུས་དང་དངོས་ཡོད་ཀྱི་དབྱེ་བ་གསལ་པོ་དེ་ཙམ་མེད་པར་དེ་གར་ལོ་རྒྱུས་ནི་དངོས་ཡོད་ཡིན་ལ་དངོས་ཡོད་དེའང་ལོ་རྒྱུས་ཡིན་པ་དང་། དེ་གར་འདུ་འཛི་མེད་ལ་ཐ་ན་ནམ་ཟླ་བར་ཆད་པ་ལྟ་བུ་རེད། ཨེ་ཙི་ཧའར་ཞེས་པའི་གོ་དོན་དངོས་ནི“རྣམ་པར་བཀྲ་བ”ཞེས་པ་དང་མཚུངས་ཤིང་། ལོ་ངོ་1000ལྷག་ཙམ་ནས་བཟུང་། ཨེ་ཙེ་ཧའར་དབྱི་སི་ལམ་ཕྱག་ཁང་དེ་འགྱིང་ངེར་གནས་པ་ལས་ཉམས་མེད་ཀྱི་སྙིང་དོན་གསལ་བཤད་བྱས་ཡོད།
         “ཉམས་མེད”ཀྱི་སྐོར་གླེང་ཚེ་བསམ་བློ་དང་ཤེས་བྱའི་རྒྱུན་འཛིན་བྱ་རྒྱུ་དེ་ཨེ་ཙི་ཧའར་གྱི་ཉམས་མེད་མཚོན་རྟགས་ཤིག་རེད། སྤྱི་ལོ་988ལོར་ཧྥ་ཏི་མ་རྒྱལ་རབས་ཀྱིས་ཨེ་ཙི་ཧའར་དབྱི་སི་ལམ་ཕྱག་ཁང་ནང་སློབ་གྲྭ་བཙུགས་པ་དང་ཤོད་སྲོལ་ལ་དེ་གའི་སློབ་ཁྲིད་བྱེད་སྟངས་དམིགས་བསལ་ཞིག་ཡོད་པ་སྟེ། སྒྲོག་ཙེ་མི་དགོས་པས་དགེ་རྒན་རྐུབ་སྟེགས་ཐོག་སྡོད་པ་དང་སློབ་མ་ས་སྟེང་དུ་རུབ་ནས་བསྡད་དེ་དགེ་རྒན་གྱིས་སློབ་ཁྲིད་དང་འདྲི་བ་འདོན་པ་དང་དགེ་སློབ་དབར་ཕན་ཚུན་གྲོས་བསྡུར་ངང་སློབ་སྦྱོང་བྱེད་ཀྱི་ཡོད། དེས་ན་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལེགས་ཉེས་ཇི་འདྲ་ཡོད་མེད་དེ་སློབ་ཚན་ཉན་མཁན་སློབ་མ་མང་ཉུང་ལ་རག་ལུས་པས་དེའང་འཛམ་གླིང་ཐོག་གི“ཡོངས་བསྒྲགས་སློབ་ཁྲིད་བྱེད་སྟངས་སྔ་ཤོས”དེ་ཡིན་ཞེས་ཤོད་ཆོག མ་གཞི་1936ལོར་ཨེ་ཅིབ་སྲིད་གཞུང་གི་གཏན་འབེབས་ལྟར་དབྱི་སི་ལམ་ཕྱག་ཁང་དང་སློབ་ཆེན་ལོགས་སུ་དབྱེ་མོད། འོན་ཀྱང་ཨེ་ཙི་ཧའར་དབྱི་སི་ལམ་ཕྱག་ཁང་དུ་ཆོས་ལུགས་རིགས་ཀྱི་སློབ་ཚན་སྔར་བཞིན་ཁྲིད་པ་དང་སློབ་ཁྲིད་བྱེད་སྟངས་ཀྱང་གནའ་སྲོལ་རྒྱུན་འཁྱོངས་བྱེད་བཞིན་ཡོད།
         མི་ཚོས“མེ་ཏོག་གཅིག་ལས་འཇིག་རྟེན་གཅིག་མཚོན”ཞེས་ཤོད་ཀྱི་ཡོད་མོད། འོན་ཏེ་ཁེ་རོར་སླེབས་སྐབས“མེ་ཏོག་གཅིག”ལས“འཇིག་རྟེན་གཉིས”མཚོན་པ་སྟེ། གཅིག་ནི་འདུ་འཛི་དང་གཅིག་ཤོས་ནི་དབེན་འཇམ་ཡིན་པ་དང་། གཅིག་ནི་དངོས་ཡོད་འཚོ་བ་དང་གཅིག་ཤོས་ནི་བསམ་པའི་ཁྱིམ་གཞིས་རེད། དེ་སྔ་མི་ལ་ལས་སྨྱུག་འཛིན་པར“ཁེ་རོར་ཁྱེད་ལ་ཡིད་དབང་འགུགས་ནུས་ཆེ་ཤོས་དེ་གང་ཡིན་ནམ”ཞེས་འདྲི་མྱོང་ཡོད། ངའི་བསམ་པར་གཏམ་རྒྱུད་ཡོད་པའི་ཁེ་རོའི་ནང་ངོས་ཀྱི་སྙིང་དོན་ཟབ་མོ་ལས་ངའི་ཡིད་དབང་འཕྲོག་སོང་། དེ་གར་ལོ་ངོ་སྟོང་གི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་མ་ཟད། དབྱི་སི་ལམ་གྱི་ཤེས་དཔལ་ལྡན་པའི་སྔོན་བྱོན་མཁས་དབང་དང་སྐད་ཆ་ཤོད་རེས་བྱེད་ཆོག་ལ་འཛམ་གླིང་མི་འདྲ་བའི་ཡུལ་སྲོལ་གོམས་འདྲིས་ཀྱང་མྱོང་ཚོར་བྱེད་ཆོག་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།