འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་རེབ་གོང་སྒྱུ་རྩལ་ལ “གྲོང་ཚོ་རེར་སྤུས་རྟགས་རེ”ལྡན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རེབ་གོང་སྒྱུ་རྩལ་ནི་རེབ་གོང་ནས་རྩེ་ཁོག་བར་གྱི་སྒྱུ་རྩལ་གྱི་སྤྱི་མིང་ལ་ཟེར་བ་དང་དེའི་ནང་ཐང་ག་དང་། ལྡེབས་རིས། འཚེམ་དྲུབ། འཇིམ་བརྙན། ཤིང་བརྐོས། རྡོ་བརྐོས། ཕྱེས་བཟོས་གཟུགས་བརྙན། ལྷ་མོ་སོགས་སྒྱུ་རྩལ་རིགས་བཅུ་ཚུད་ཡོད་པ་རེད།
         སེང་གེ་གཤོང་ཡར་མགོ་དང་། སེང་གེ་གཤོང་མར་མགོ གཉན་ཐོག སྒོ་དམར། སྐ་སར་བཅས་རང་བྱུང་གྲོང་ཚོ་ལྔ་བརྒྱུད་ནས་བསྐྱོད་སྐབས་ཁྱིམ་ཚང་ཚང་མས་རི་མོའི་ལས་ལ་གཞོལ་བ་དང་མི་ཚང་མས་སྒྱུ་རྩལ་ལས་ཀ་བྱས་ནས“གྲོང་ཚོ་རེར་སྤུས་རྟགས་རེ”བཏོད་པ་མཐོང་བྱུང་། སེང་གེ་གཤོང་ཡར་མགོ་དང་མར་མགོ་གྲོང་ཚོས་གཙོ་བོ་ཐང་ག་འབྲི་བཞེངས་ཀྱི་ལས་ལ་གཞོལ་བ་དང་། ཞོར་དུ་འཇིམ་བརྐོས་དང་འཚེམ་འདྲུབ་ལས་ལ་གཞོལ་བ་དང་། གཉན་ཐོག་གྲོང་ཚོས་གཙོ་བོ་འཚེམ་དྲུབ་ལས་ལ་གཞོལ་བ་དང་ཞོར་དུ་འཇིམ་བརྐོས་དང་། ཐང་ག ལྡེབས་རིས་བཅས་ཀྱི་ལས་ལ་གཞོལ་བ། སྐ་སར་གྲོང་ཚོ་དང་སྒོ་དམར་གྲོང་ཚོས་གཙོ་བོ་ཐང་ག་དང་ལྡེབས་རིས་ལས་ལ་གཞོལ་བ་དང་ཞོར་དུ་ཤིང་བརྐོས་དང་རྡོ་བརྐོས་ཀྱི་ལས་ལ་གཞོལ་བཞིན་འདུག
         2006ལོའི་ཟླ་དྲུག་པར་སེང་གེ་གཤོང་གྲོང་ཚོར་རིག་གནས་པུས་རྒྱལ་ཁབ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་ཚན་པའི་མཚན་སྙན་སྤྲད་ཅིང་། མིག་སྔར་སེང་གེ་གཤོང་ཡར་མགོ་དང་མར་མགོ་གྲོང་ཚོར་སྒྱུ་རྩལ་ལས་ལ་གཞོལ་བའི་ཁྱིམ་ཚང་གིས་གྲོང་ཚོ་དེ་ཡོངས་ཀྱི་ཁྱིམ་ཚང་གི་བརྒྱ་ཆ་དགུ་བཅུ་ཡན་བཟུང་ནས་ཐོན་འཚོང་ཟུང་དུ་འབྲེལ་བའི“རེབ་གོང་སྒྱུ་རྩལ”ཐོན་ལས་སྦྲེལ་ཐག་ཆགས་པ་དང་། རེབ་གོང་སྒྱུ་རྩལ་ཐོན་རྫས་ཀྱི་ཡོང་འབབ་དེ་ཉིད་སེང་གེ་གཤོང་གྲོང་མིའི་དཔལ་འབྱོར་ཡོངས་ཁུངས་གཙོ་བོར་གྱུར་ཡོད་པ་རེད།
         རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་གྲོང་ཚོ་རེར་སྤུས་རྟགས་རེ་གཏོད་རོགས་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཡོང་ཕྱིར་རེབ་གོང་རྫོང་སྲིད་གཞུང་སྡེ་ཚན་གྱིས་མ་དངུལ་བཏང་ནས་རེབ་གོང་སྒྱུ་རྩལ་འགྲེམས་སྟོན་ཁང་བཙུགས་ནས་དམངས་ཁྲོད་ལག་ཤེས་པས་བཟོས་པའི་རེབ་གོང་སྒྱུ་རྩལ་གྱི་ཐོན་རྫས་རྩེ་གྲ་བསྡུ་ཉར་བྱས་པ་དག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་དམངས་ཁྲོད་ཀྱི་ལག་ཤེས་པས་དགེ་ཕྲུག་གང་མང་འཁྲིད་རྒྱུར་སྐུལ་ལྕག་བྱེད་ཀྱི་འདུག
         སྲིད་ཇུས་དང་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱས་པ་བརྒྱུད། ཀྲོའུ་སྲིད་གཞུང་གིས་ཡུལ་སྐོར་ཁེ་ལས་དང་སྒྱུ་རྩལ་པ་རྒྱལ་ཁབ་ཕྱི་ནང་གི་འོས་སྦྱོར་ཚོགས་འདུ་དང་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ་ཧྲང་ཧའེ་དང་། ཀོང་ཀྲོའུ། ཧྲེན་ཀྲེན་སོགས་སུ་བསྟུད་མར“མཛེས་སྡུག་ལྡན་པའི་མཚོ་སྔོན། དཔོག་པར་དཀའ་བའི་རྨ་ལྷོ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཀྱི་ལས་སྟེགས་ཐེངས་མང་བཏོད་པ་དང་། ཨ་རི་དང་། ཐེ་ལན། ཧན་གོ་སོགས་རྒྱལ་ཁབ་ཏུ་རྩོམ་རིག་སྒྱུ་རྩལ་སྤེལ་རེས་དང་འགྲེམས་སྟོན་བྱེད་སྒོ་རབ་དང་རིམ་པའི་ནང་རེབ་གོང་གི་གླུ་གར་ཚོགས་པ་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ། པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་སུ་རེབ་གོང་སྒྱུ་རྩལ་གསར་རྩོམ་དང་འགྲེམས་ཚོང་སྐར་ཁུང་200ལྷག་ཙམ་བཙུགས་པ། ཡར་འཕེལ་སོགས་སྒྱུ་རྩལ་པས་ཧྥ་རན་སེའི་ལུའུ་ཕུའུ་ཕོ་བྲང་དང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་རེབ་གོང་སྒྱུ་རྩལ་འགྲེམས་སྟོན་བདེ་བླག་ངང་གཉེར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།