འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།“གནད་སྨིན་དབུལ་སྐྱོར”སོགས་གླེང་མང་བའི་ཐ་སྙད་གསར་པ་ལོ་རྒྱུས་ཡུན་རིང་ལྡན་
    པའི་བོད་ཡིག་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་2015ལོར་ཐོན་པའི་ཐ་སྙད་གསར་པ870བཀས་བཅད་བྱས་པའི་ནང“མངོན་འགྱུར་བ”དང“གནད་སྨིན་དབུལ་སྐྱོར”“དྲ་སྦྲེལ+”སོགས་གླེང་མང་བའི་ཐ་སྙད་གསར་པ་ཁག་གཅིག་བོད་ཡིག་ནང་གཏན་འཇགས་ཀྱི་བསྟན་དོན་ཞིག་ཆགས་ཐུབ་པ་བྱུང་ཡོད།
          རིག་གཞུང་ལས་རིགས་ཁོངས་གཏོགས་ཁྲོད་ཕལ་ཆེ་བས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཡིག་དེ་དུས་རབས་7པའི་ནང་བཟོས་པའི་ངོས་འཛིན་བྱེད་ཀྱི་ཡོད། བོད་ཡིག་དེ་གཙོ་བོ་ཀྲུང་གོའི་མཚོ་བོད་ས་མཐོ་དང་། རྒྱ་གར། འབྲུག་ཡུལ། ནེ་པ་ལ་སོགས་སུ་སྤྱོད་ཀྱི་ཡོད་ཅིང་། ལོ་ངོ་1000ལྷག་ཙམ་བརྒྱུད་བོད་ཡིག་ནང་ཐ་སྙད་གསར་པ་མང་པོ་བྱུང་ཡོད།
          བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ཚད་ལྡན་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས་སྤྱི་ཚོགས་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དེང་གི་དུས་སུ་ཐ་སྙད་གསར་པ་མང་པོ་ཐོན་ནས་མི་རྣམས་ཕན་ཚུན་གོ་བརྡ་སྤྲོད་པའི་དགོས་མཁོ་བསྐངས་པ་མ་ཟད། ཁ་ཤས་ལས་དོན་དང་འཚོ་བའི་རྒྱུན་སྤྱོད་ཐ་སྙད་དུའང་འགྱུར་བཞིན་ཡོད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གལ་ཆེན་གྲས་ཡིན་པའི་བོད་ཡིག་དེ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ཐུབ་པ་བྱ་ཆེད། 2002ལོ་ནས་བཟུང་བོད་ཀྱིས་བོད་ཡིག་གི་ཐ་སྙད་གསར་པ་འཚོལ་ཞིབ་དང་། ལེགས་སྒྲིག དེ་བཞིན་བཀས་བཅད་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཡོད། ལོ་13རིང་བོད་ཀྱིས་ལུས་རྩལ་དང་། དྲ་རྒྱ། དུས་བབ་གསར་འགྱུར་གལ་ཆེན་སོགས་མང་ཚོགས་ཀྱིས་རྒྱུན་དུ་མཐོང་མང་ཞིང་སྤྱོད་མང་བའི་ཐ་སྙད་གསར་པ་8000ཙམ་བཀས་བཅད་བྱས་ཡོད་ཅེས་བཤད།
         “ཐ་སྙད་གསར་པ་དེ་དག་ལས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ་སོགས་བོད་རིགས་མང་ཚོགས་ཀྱི་གང་ས་ཅི་ཐད་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་མཚོན་ལ། བོད་སྐད་ཡིག་ཕུན་སུམ་ཚོགས་སུ་ཕྱིན་ནས་གསོན་ཤུགས་རྒྱས་པའང་མཚོན་ཡོད”ཅེས་ཡེ་ཤེས་བཟང་པོས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐ་སྙད་གསར་པ་ཡིག་སྒྱུར་དང་བཀས་བཅད་བྱས་ནས་ལོ་20ལྷག་ཙམ་འགྲོ་གི་ཡོད། ཐ་སྙད་གསར་པ་གང་བྱུང་དུ་སྒྱུར་བ་དང་སྤྱོད་པའི་གནད་དོན་འབྱུང་རྩ་ནས་འགོག་ཆེད། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་དྲ་རྒྱ་དང་། གསར་འགྱུར་སྨྱན་སྦྱོར་སོགས་ཀྱི་སྟེགས་བུར་བརྟེན་ནས་《བོད་སྐད་ཡིག་དྲ་རྒྱ་》དང་། 《བོད་ཀྱི་སྐད་སྒྲའི་དྲ་རྒྱ》 《བོད་ལྗོངས་ཉིན་རེའི་ཚགས་པར་》བོད་ཡིག་པར་ངོས། དེ་བཞིན་《བོད་ལྗོངས་ཞིབ་འཇུག་》སོགས་བོད་སྐད་ཡིག་དང་འབྲེལ་བ་ཆེ་བའི་དྲ་ཚུགས་དང་། དུས་དེབ། ཚགས་པར་སོགས་གལ་ཆེན་ཐོག་བཀོད་ནས་ཚད་ལྡན་གྱི་བོད་ཡིག་ཐ་སྙད་གསར་པ་དྲིལ་བསྒྲགས་ཁྲིད་སྟོན་དང་བེད་སྤྱོད་ཁྱབ་གདལ་ཡོང་བར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།