འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་འབྲོག་པ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལ་ཞུགས་པར་
    ཐོབ་ཆ་ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་51ལ་སླེབས་པའི་འབྲོག་པ་རྣམ་རྒྱལ་མཚོ་སྔོན་པོའི་འགྲམ་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁོང་གིས་རྨས་སྐྱོན་ཕོག་པའི་ཕུའུ་ཧྲི་དགོ་བ་10ལྷག་ཙམ་བསྐྱབས། ཕུའུ་ཧྲི་དགོ་བར་གནས་སྤོའི་འགྲོ་ལམ་མཁོ་འདོན་བྱ་ཕྱིར། ཁོང་སོ་སོས་འགྲོ་གྲོན་བཏང་ནས་ཁྱིམ་མཚེས་ཀྱི་གཞི་ཁྱོན་མུའུ་སྟོང་ཙམ་ཟིན་པའི་རྩྭ་ར་གླས་པ་རེད། ལོ་བཅུ་ལྷག་ཙམ་རིང་ཕྱུག་པོ་དེ་ཙམ་མེད་པའི་ཁོང་གིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལ་འགྲོ་གྲོན་སྒོར་ཁྲི་10ལྷག་ཙམ་བཏང་བ་རེད།
         “བོད་རིགས་མང་ཚོགས་ལ་སྣོད་བཅུད་སྲུང་སྐྱོང་ཀྱི་འདུ་ཤེས་ཟབ་མོ་ཡོད། མཚོ་སྔོན་པོའི་འགྲམ་དུ་ད་དུང་རྣམ་རྒྱལ་དང་འདྲ་བའི་འབྲོག་པ་མང་པོ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩི་ཤིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཨེན་ཀོང་གིས་བཤད། ཁོང་གིས་དེར་བརྟེན་འབྲོག་པ་ཚོའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་མི་དེ་བས་མང་བ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་ཞུགས་པར་ལྕག་སྐུལ་བྱ་ཕྱིར། མཚོ་སྔོན་ཞིང་ཆེན་གྱིས་ཉིན་དེ་རང་ནས་བཟུང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཚོད་ལྟར་བྱས་ནས་གྲོས་མཐུན་ལ་ཞུགས་པའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་ལོ་ལྟར་སྣོད་བཅུད་སྲུང་སྐྱོང་ལ་ཞུགས་མཁན་གྱི་འབྲོག་པར་ཐོབ་ཆ་ངེས་ཅན་ཞིག་སྤྲོད་རྒྱུ་རེད་ཅེས་བཤད་པ་རེད།
         “རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་ཡིན་པའི་མཚོ་སྔོན་གྱི་འབྲོག་པ་གྲོས་མཐུན་ལ་ཞུགས་པའི་ལམ་སྲོལ་དེས་སླད་ཕྱིན་ད་དུང་ས་གནས་ཁག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལ་དཔྱད་གཞིར་འཛིན་རྒྱུའི་དཔེ་མཚོན་ཞིག་མཁོ་འདོན་བྱེད་ཐུབ་རེ་ཡོད”ཅེས་ཝང་ཨེན་ཀོང་གིས་བཤད།
    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ད་དུང་ཕྱི་རྒྱལ་གྱི་བདག་ཏུ་མ་བཟུང་པའི་སྲོག་ཆགས་གླིང་གི་གཉེར་སྐྱོང་བྱེད་སྟངས་དཔེར་བྱས་ནས་2016ལོར“ཕུའུ་ཧྲི་དགོ་བའི་ཕ་ཡུལ”ཞེས་པ་བཙུགས་ཏེ་ཡུལ་སྐོར་བར་བར་ཐག་ཉེ་ས་ནས་ཕུའུ་ཧྲི་དགོ་བར་ལྟ་ཞིབ་ཚད་ལེན་བྱེད་པའི་གདོད་མའི་སྟེགས་བུ་ཞིག་བསྐྲུན་པ་དང་ཆབས་ཅིག སྣོད་བཅུད་དཔལ་འབྱོར་གྱི་ཕན་འབྲས་ལ་གཅིག་ལྕོགས་ལྟ་རྟོག་བྱས་ནས་མཚོ་འགྲམ་གྱི་འབྲོག་པར་འབབ་འཕར་གྱི་གོ་སྐབས་ཤིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ཕུའུ་ཧྲི་དགོ་བ་སྲུང་སྐྱོང་བྱེད་པའི་ཁྲོད་གནས་པའི་གནད་དོན་དང་དེ་བཞིན་ཐོན་སྲིད་པའི་གནད་དོན་ལ་དམིགས་ནས་མཚོ་སྔོན་གྱིས་མིག་སྔར་མཉམ་འབྲེལ་ཚོགས་འདུའི་ཕུགས་ཕན་ལམ་སྲོལ་བཟོ་གི་ཡོད་པ་དང་། ཕྱིན་ཆད་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གིས་སྣེ་ཁྲིད་ནས་དུས་ངེས་མེད་དུ་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་མི་སྣ་དང་། སྣོད་བཅུད་མཁས་དབང་། དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་པ། དེ་བཞིན་འབྲོག་པ་བཅས་སྒྲིག་འཛུགས་ཀྱིས་གྲོས་བསྡུར་བྱས་ཏེ་སྲུང་སྐྱོང་གི་འཆར་འགོད་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
         ཕུའུ་ཧྲི་དགོ་བ་ནི་1999ལོར་རྒྱལ་ཁབ་ཀྱིས“སྟོངས་ཉེན་ཆེས་ཆེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས”ཀྱི་ཁོངས་སུ་བཅུག་པ་དང་དེའི་རིགས་ཁྱུའི་གྲངས་འབོར་སྐབས་ཤིག་རིང་300ཙམ་དུ་ཉུང་དུ་སོང་ནས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་ཁོ་ན་ལས་མེད་པ་རེད། ལོ་10ལྷག་ཙམ་རིང་སྲུང་སྐྱོང་བྱས་པ་བརྒྱུད་མིག་སྔར་ཕུའུ་ཧྲི་དགོ་བའི་རིགས་ཁྱུའི་གྲངས་འབོར་1000ལྷག་ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།