འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རིམ་རྩིས་བྱས་ན་བོད་ཀྱིས་ཕྱི་ཕྱོགས་ལ་ཆུ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་3.3བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། རིམ་རྩིས་བྱས་ན་འདི་ལོའི་ཟླ་6པ་ནས་11པའི་བར་བོད་ཀྱི་ཆུ་གློག་གིས་ཕྱི་ཕྱོགས་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་3.3བསྐྱལ་པ་དང་སྐྱེལ་ཚད་གློག་ཤུགས་ཆེ་ཤོས་སུ་ཆན་ཝ་ཁྲི་24ཟིན་ནས་གློག་འདྲེན་ས་ཁུལ་གྱི་རྡོ་སོལ་ཏུན་ཁྲི་11གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་30ཉུང་དུ་བཏང་བ་དང་མཚུངས་ཡོད།
         བོད་དུ་ལོར་ཆ་སྙོམས་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་4482དང་། ཆུ་ནུས་ཐོན་ཁུངས་རིགས་པའི་གཞུང་ལུགས་ཐད་ནས་གསོག་ཚད་ཆན་ཝ་དུང་ཕྱུར་2.1 ལག་རྩལ་གསར་སྤེལ་བྱེད་ཆོག་པའི་ཚད་གཞི་ཆན་ཝ་དུང་ཕྱུར་1.4བཅས་སོ་སོར་ཟིན་པ་དེས་རྒྱལ་ཡོངས་ཀྱི་29%དང་24.5%ཙམ་བཟུང་ནས། རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པས་ཀྲུང་གོའི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་དང་ནུབ་གློག་ཤར་འདྲེན་གྱི་ནུས་ཁུངས་རྒྱུན་མཐུད་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཟླ་6ཚེས་1ཉིན་བོད་དབུས་གློག་དྲ་ཆུ་བོ་རྒྱས་པའི་དུས་ཚིགས་ལ་རིམ་གྱིས་སླེབས་རྗེས་མཚོ་བོད་ཐད་རྒྱུག་དྲ་སྦྲེལ་འདུ་འགོད་བརྒྱུད་བོད་ཀྱི་གློག་ཤུགས་མཚོ་སྔོན་དུ་བདེ་བླག་ངང་བསྐྱལ་བ་དེ་ཐོག་ནས་བོད་ཀྱི་དྭངས་གཙང་ནུས་རྒྱུ་ནུབ་བྱང་ས་ཁུལ་གྱི་གློག་ཤུགས་མཁོ་སྤྲོད་ཀྱི་ས་ཁོངས་དོ་སྙོམས་དང་རྒྱལ་ཡོངས་ནུས་ཁུངས་སྒྲིག་གཞིའི་གྲུབ་ཆ་ལེགས་གྱུར་ལ་ཞུགས་འགོ་ཚུགས་པ་མཚོན་པ་དང་མཚོ་བོད་ཐད་རྒྱུག་དྲ་སྦྲེལ་འདུ་འགོད་ཀྱིས་ཀྱང་བོད་ཀྱི་གློག་ཤུགས“རྒྱས་འབེལ་སྐམ་དཀོན”གྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་སྙོམས་སྒྲིག་ལ་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་དབྱར་དུས་ཆུ་བོ་རྒྱས་དུས་སུ་བོད་ཀྱི་གློག་དྲས་ནུབ་བྱང་གློག་དྲར་གློག་ཤུགས་ཆན་ཝ་ཁྲི་120བསྐྱལ་བ་དང་། ལོར་ཕྱི་ཕྱོགས་སུ་གློག་སྐྱེལ་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་34ཟིན་པ། དབྱང་གཉིས་ཐན་འགྱུར་འབུད་ཚད་ཏུན་ཁྲི་338.98ཉུང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ནུས་ཁུངས་གྲུབ་ཆ་ལེགས་གྱུར་ལེགས་སྒྲིག་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།