འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གོང་འཕེལ་ཡར་ཐོན་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་དགོས།

    —— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སྔར་ལས་ལྷག་པའི་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་དུས་མཚམས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ལྷ་སར་ཕེབས་འབྱོར་ཟིན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལྷན་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཆེད་མངགས་བོད་དུ་ཕེབས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་རྒྱལ་ཡོངས་མི་དམངས་ཀྱིས་བརྩེ་སེམས་ཟབ་མོ་བཅངས་ལུགས་བསྣམས་ཡོད། སྐབས་འདི་དང་བསྟུན་ནས་ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གཅེས་སྐྱོང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། རྒྱལ་ཡོངས་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་བྱ་གཞག་ཆེད་འབད་འཐབ་བློས་གཏོང་གནང་མཁན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་རྒྱུ་ཡིན། འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་ལས་དོན་སྒྲུབ་མཁན་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་མང་ཚོགས། མི་དམངས་ཚོགས་པ་ཁག ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
         1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཤིང་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་འགན་ལེན་བརྟན་པོ་བྱས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དུས་དེ་ནས་བཟུང་རྒྱལ་ཡོངས་མི་དམངས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་སྐྱོད་འགོ་ཚུགས་ཡོད།
         ལོ་50ཡི་ལོ་རྒྱུས་འཕོ་འགྱུར་ནང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་འོག་རྩ་ཁྲིམས་ཀྱིས་དཀྲིས་པའི་རང་སྐྱོང་དབང་ཆ་གང་ལེགས་སྤྱད་དེ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་རྒྱལ་ཁབ་དང་ས་གནས་ཀྱི་བྱ་བར་དོ་དམ་བྱེད་པའི་ནང་ཞུགས་པ་དང་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོར་གཟི་བརྗིད་གསར་པ་བསྣན་ཡོད།
         ལོ་50ཡི་རླབས་ཆེའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་ཁ་བྲལ་ཐབས་མེད་ལ་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་བྲལ་ཐབས་མེད། དེའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་སེམས་ནུས་དང་རྔུལ་ཆུ་འདུས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔར་འཛིན་ཕྱི་མཐུད་དང་ཡང་དག་འགོ་ཁྲིད་ཀྱིས་བོད་ཀྱི་ལས་དོན་ལ་སྔར་བས་མཐོང་ཆེན་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་ཀྱི་བོད་ཀྱི་གལ་ཆེའི་གནས་བབ་སྔར་བས་གསལ་སྟོན་གནང་ནས་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་དུས་རབས་གསར་པ་བཏོད་པ་དང་། ཏང་གིས་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་བཙུགས་པ་དང་མཐའ་སྐྱོང་བོད་བརྟན་གྱི་ལེའུ་གསར་པ་བརྩམས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་བ་བཅས་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཁྱོན་་ཡོངས་ནས་ཡར་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། དེང་གི་བོད་ལྗོངས་ལ་བལྟས་ཚེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་སྟེ་དབྱར་མཚོ་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དགའ་འོས་པའི་རྣམ་པ་ཞིག་ཐོན་ཡོད།
         དེང་སྐབས་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། བོད་ལྗོངས་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་སླེབས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ང་ཚོར་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་ནས་འཕེལ་རྒྱས་མྱུར་པོ་གཏོང་བ་དང་ཡུན་རིང་བདེ་འཁོད་ཡོང་བའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད། ང་ཚོས་རྩ་ཆེའི་གོ་སྐབས་དམ་འཛིན་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་ལེགས་པར་སྤྱོད་པ། དཀའ་སྤྱད་འབད་འཐབ་ཀྱི་དམ་བཅའ་འཇོག་པ་བཅས་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་དེ་ཉིད་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མི་སེམས་དང་སྟོབས་ཤུགས་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་ཐོག་གཅིག་སྒྲིལ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་སྒྲིལ་ཐུབ་པ་བྱེད་པ་དང་། སྔ་བར་ཕྱི་གསུམ་དུ་ཁྲིམས་བཞིན་བོད་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མེས་རྒྱལ་གཅིག་གྱུར་དང་བོད་ལྗོངས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་ས་ཁུལ་གྱི་ཧེ་བག་རིམ་བཞིན་ཆུང་དུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་གོམ་སྟབས་མགྱོགས་སུ་ཏན་ཏིག་གཏོང་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་འགན་ལེན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡོང་འབབ་དེ་བས་མང་བ་དང་སློབ་གསོ་དང་། སྨན་བཅོས། སྡོད་ཁང་གི་ཆ་རྐྱེན། འཚོ་བའི་འགན་ལེན་བཅས་དེ་བས་ལེགས་པ་ཡོང་བ་བྱས་ཐོག་རྒྱལ་ཡོངས་མི་དམངས་དང་ལྷན་དུ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས།
         བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་བོད་ལྗོངས་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་རེ་བ་ཆེ་ཤོས་ཡིན་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན་པས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེདཔ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བསམ་བློ་གཅིག་གྱུར་དང་། སྙིང་སྟོབས་རབ་འཕེལ། འགག་སྒྲོལ་དཀའ་སེལ། གསར་འབྱེད་གསར་གཏོད་བཅས་བྱས་ནས་རྒྱུན་ཆད་མེད་པར་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།