འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་པཎ་ཆེན་ཨེར་ཏེ་ནི་ཆོས་
    ཀྱི་རྒྱལ་པོས་བཏང་བའི་རྟེན་འབྲེལ་ཞུ་བའི་གློག་འཕྲིན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་འདིར། ངས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
         1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ། བོད་ཀྱི་སྤྱི་ཚོགས་དེ་ཉིད་དུས་རབས་གསར་རྐྱང་ཞིག་ཏུ་འཇུག་སྒོ་ཚུགས། ལོ་ལྔ་བཅུ་ཡི་ནང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རང་ཁྱིམ་རང་བདག་དང་ཁེ་དབང་ཁག་ལ་འགན་སྲུང་བྱུང་ཞིང་། ཆོས་དད་རང་མོས་ཡོངས་སུ་བྱུང་ནས། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཡིད་དབང་འཕྲོག་པའི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད། ཉེ་ཆར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་འཚོག་གནང་སྟེ། བོད་ཀྱི་འཕེལ་རྒྱས་ལ་སྔར་བས་ཟབ་པའི་འཆར་གཞི་བཀོད་གནང་མཛད་ཡོད། དོན་དངོས་ཀྱིས་ར་སྤྲོད་ཐུབ་པར། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་ཅིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ན། གཞི་ནས་བོད་ལྗོངས་མི་དམངས་རྣམས་ཀྱི་རེ་འདུན་འགྲུབ་ཐུབ་རྒྱུ་དང་། བོད་ལྗོངས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཡོང་ཐུབ་ལ། བོད་བརྒྱུད་ནང་བསྟན་ལ་ཡང་དར་སྤེལ་གྱི་ཁོར་ཡུག་བཟང་པོ་ཞིག་འབྱུང་ངེས་རེད། མིག་སྔར་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་ཆབས་ཅིག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེན་པོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་པའི་སྐབས་འདིར་ངའི་རེ་བར་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་རྒྱལ་ཁམས་དཔལ་གྱིས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་བདེ་བར་འགོད་པའི་གདམས་པ་བློ་ལ་བརྟན་པོར་ངེས་ཐོག རང་འགུལ་ངང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་འཁྲིད་ལ་བརྩི་བཀུར་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་བདེ་སྐྱིད་ལྡན་པའི་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཤིག་འཛུགས་སྐྲུན་བྱས་ནས་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་གྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་ཐུབ་པ་བྱེད་དགོས།
         ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་། བོད་ལྗོངས་ཀྱི་བྱ་གཞག་ཁག་དབྱར་མཚོ་ལྟར་རྒྱས་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་ལེགས་ཚོགས་གོང་དུ་འཕེལ་ཞིང་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།

                                                                                                                                པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས།
                                                                                                                                                 2015ལོའི་ཟླ་8ཚེས་30ལ།
      

    ཕྱོགས་བསྡུས་གསར་འགྱུར།