འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་འབོར་ཉུང་ཡིད་རྟོན་དངུལ་བུན་གྱིས་གྲོང་གསེབ་ཏུ་ཕྱུག་པོ་གཉའ་རྒན་
    ཁག་གཅིག་ཐོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལོ་39ལ་སོན་པའི་བོད་རིགས་གཞོན་ནུ་པ་སངས་ཚེ་རིང་གི་ཁྱིམ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁེ་གསུམ་གྲོང་ལྷན་དུ་ཡོད་ཅིང་དེ་གར་གཞུང་ལམ་དང་ཐག་ཉེ་བས་འགྲིམ་འགྲུལ་སྟབས་བདེ་ཡོད་པ་རེད། འདས་ཟིན་པའི་ལོ་ཤས་རིང་བོད་ཀྱི་འབོར་ཉུང་ཡིད་རྟོན་དངུལ་བུན་གྲོང་ཚོ་ཚང་མར་ཁྱབ་ཅིང་། པ་སངས་ཚེ་རིང་གིས་དངུལ་བུན་བླངས་ཏེ་གྲོང་མི་སྒྲིག་འཛུགས་བྱས་ནས་བཟོ་སྐྲུན་ཨར་ལས་རུ་ཁག་ཅིག་བཙུགས་ནས་ལོ་ཁ་ཤས་རིང“ཕྱུག་འགྱུར་ཕུགས་འདུན”མངོན་འགྱུར་ཐུབ་ཡོད་ཅིང་། ད་ཆ་ཁོང་མི་སྒེར་གྱི་རྒྱུ་ནོར་སྒོར་ཁྲི་500ལྷག་ཙམ་ཟིན་གྱི་ཡོད་པ་རེད།
         ད་ཆ་བོད་དུ་པ་སངས་ཚེ་རིང་དང་འདྲ་བར་གྲངས་ཉུང་ཡིད་རྟོན་དངུལ་བུན་ལ་བརྟེན་ནས་ཕྱུག་འགྱུར་བྱེད་མཁན་ཞིང་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཕྱུག་འགྱུར་འཇོན་ཐང་ཅན་ཁ་ཤས་ཕྱུག་པོ་གཉའ་རྒན་དུ་གྱུར་ཡོད་པ་རེད། ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་ཆེད་བོད་ལྗོངས་དངུལ་རྩའི་སྒྲིག་གཞིས་ཉེ་བའི་ལོ་ཤས་རིང་འབོར་ཉུང་ཡིད་རྟོན་དངུལ་བུན་ཐོན་རྫས་རབ་དང་རིམ་པ་བཏོན་པ་རེད། མིག་སྔར་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཚང་95%ཡན་ལ་ཁྱབ་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཞིང་དུད་དངུལ་བུན་གྱི་ཁྱབ་ཁྱོན་ཆེ་ཤོས་སུ་གྱུར་ཡོད་པ་རེད།
         བོད་ལྗོངས་ནི་ཞིང་འབྲོག་ལས་རིགས་ཀྱི་མི་འབོར་མང་བའི་ལྗོངས་ཤིག་ཡིན་པས་80%ཡན་གྱི་མི་འབོར་ཞིང་འབྲོག་ཁུལ་དུ་གནས་ཡོད། དུས་ཡུན་རིང་པོར་རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱིས་རྐྱེན་བོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་ལ་ཚོད་འཛིན་ཐེབས་ཡོད། འབོར་ཉུང་ཡིད་རྟོན་དངུལ་བུན་བརྒྱུད་ཞིང་འབྲོག་ཁུལ་དུ་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་སྐྱེད་སྲིང་བྱེད་རྒྱུ་དང་གཞོན་ནུ་ཚོར་ལས་གཏོད་བྱེད་རྒྱུའི་བསྟོད་སྐུལ་བྱེད་རྒྱུ་ནི་ཞིང་འབྲོག་པར་ཕྱུག་འགྱུར་བྱེད་རོགས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཏུ་གྱུར་ཡོད།
         སྤུས་ཀ་ལེགས་ཤིང་སྟབས་བདེ་བའི་དངུལ་བུན་སྲིད་ཇུས་ལག་བསྟར་བྱས་པ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་བོད་ཀྱི་མང་ཚོགས་དཀྱུས་མ་སྔར་བས་མང་པོར་ཕན་ཐོགས་བྱུང་ཡོད་པ་རེད། མངའ་རིས་ས་ཁུལ་སྒར་རྫོང་གི་ཞིང་པ་ཀརྨ་ཆོས་བཟང་ལ་དེ་སྔོན་ལམ་འགྲམ་གྱི་ཇ་ཁང་སྟབས་བདེ་ཞིག་ལས་མེད་མོད། 2000ལོར་ཁོང་གིས་ཞིང་ལས་དངུལ་ཁང་ནས་སྔ་རྗེས་སུ་དངུལ་བུན་ཐེངས་བརྒྱད་བླངས་ནས“སྐར་གསུམ་རྡོ་རྗེ་ཕ་ལམ་གཱ”སྤྱོད་མཁན་དུད་ཚང་ཞིག་ཏུ་གྱུར་ཞིང་། མིག་སྔར་ཁོང་གི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་100ལྷག་ཙམ་ཟིན་ནས་ཤང་དེའི་སྣེ་ལེན་ཁང་དང་། སྒོ་རྩིས་ཚོང་ཁང་། ཇ་ཁང་བཅས་གཞི་གཅིག་ཏུ་བསྒྲིལ་བའི་ཚོང་དུད་ཆེ་ཤོས་སུ་གྱུར་ཡོད་པ་རེད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2014ལོའི་ལོ་མཇུག་ཏུ་བོད་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་297.26ཟིན་པ་དང་། ཞིང་འབྲོག་པའི་འབོར་ཉུང་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་98.24ཟིན་ནས་ལོ་འགོ་དང་བསྡུར་ན་32.41%འཕར་བ། ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཚང་རེའི་ཆ་སྙོམས་དངུལ་བུན་ལྷག་གྲངས་སྒོར་ཁྲི་4ཟིན་ཡོད་པ་རེད། ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅུན་གྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།