འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཇ་སྲུབས་མའི་བྲོ་བ་སྔར་བས་ཞིམ་པར་གྱུར།

    ——བོད་ཀྱི་ཞིང་འབྲོག་པར་གཞི་རྩའི་ཆར་འཐུང་ཆུ་གཙང་མ་འཐུང་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ང་ཚོ་ཕ་ཚ་བུ་རྒྱུད་ཕྱུགས་འཚོ་ནས་བསྡད་དེ་རྩྭ་ཐང་དུ་རྒྱུག་པའི་ཆུ་བླངས་ནས་ཇ་བཟོ་ཡི་ཡོད”ཅེས་བོད་ལྗོངས་ནག་ཆུ་ས་ཁུལ་ཤན་རྩྭ་རྫོང་གི་འབྲོག་པ་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས“ལོ་དེ་དག་ནང་ཉིན་ལྟར་སྤྱི་ལེ་བཅུ་གྲངས་ཀྱི་སར་བསྐྱོད་དེ་ཕྱུགས་འཚོ་ཡི་ཡོད། འོན་ཀྱང་སྲིད་གཞུང་གིས་ང་ཚོར་བདེ་སྡོད་ཁང་པ་བརྒྱབ་པ་མ་ཟད། ད་དུང་ཆུ་ཀ་ལའང་ཁྲིད་པས་ཇ་སྲུབས་མའི་བྲོ་བ་དེ་སྔར་བས་ཞིམ་དུ་ཕྱིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་བརྗོད་བྱུང་།
         གསར་འགོད་པ་ཉེ་དུས་ནག་ཆུ་དང་། ཉིང་ཁྲི། གཞིས་རྩེ་སོགས་སུ་བཅར་འདྲི་བྱེད་པར་བསྐྱོད་སྐབས་ཤེས་རྟོགས་བྱུང་གསལ། ཞིང་འབྲོག་ཁུལ་གྱི་འཐུང་ཆུ་གཙང་མའི་འདུ་འགོད་ལག་བསྟར་བྱས་ཚུན་སྔོན་ཆད་མི་དང་ཕྱུགས་རིགས་ཀྱིས་ཆུ་གཅིག་པ་འཐུང་བའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་ནས་ནད་གཞི་ཕོག་ཚད་ཀྱང་ཉུང་དུ་ཕྱིན་པ་མ་ཟད། ད་དུང་ངལ་རྩོལ་ནུས་ཤུགས་ཀྱང་གྲོན་ཆུང་ཐུབ་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་དཀའ་གནད་བསལ་ཐུབ་པ་བྱུང་ཡོད།
         “མིག་སྔར་བོད་དུ་འཐུང་ཆུ་གཙང་མའི་འདུ་འགོད་ཁག་ཁྲི་1.75ཙམ་བསྐྲུན་ནས་ཞིང་འབྲོག་མང་ཚོགས་དང་སློབ་གྲྭར་ཡོད་མུས་ཀྱི་དགེ་སློབ་ཁྲི་200ལྷག་ཙམ་དང་གྲྭ་བཙུན་ཁྲི་4ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་དེ་ལོ་50ཡི་གོང་དང་བསྡུར་ཚེ་ཞིང་འབྲོག་པའི་འཐུང་ཆུ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་བརྗོད་བྱུང་།
         ཉིང་ཁྲི་གྲོང་ཁྱེར་དུ་བཞའ་ཚན་ཆེ་བ་དང་ཆར་པ་བབས་ཚད་མང་ཡང་གོང་གི་ལོ་འགའ་ཤས་ནང་མང་ཚོགས་ཀྱི་འཐུང་ཆུ་སྔར་བཞིན་རི་སྟེང་གི་རྒྱུགས་ཆུ་ཡིན་པ་རེད། “ཆུང་དུས་ནས་ད་བར་རི་སྟེང་ནས་བབས་པའི་ཆུ་འཐུང་ནས་འཚར་ལོངས་བྱུང་བ་ཡིན། ཆར་པ་བབས་འཕྲལ་ཆུ་སེར་པོར་གྱུར་གྱི་ཡོད། ཕྱིས་སུ་སྲིད་གཞུང་གིས་ང་ཚོར་ཆུ་གསོག་རྫིང་བུ་ཞིག་བསྐྲུན་ནས་རི་སྟེང་ནས་ཆུ་དྲངས་ཏེ་གཙང་སེལ་ཞིབ་དཔྱད་བྱས་རྗེས་དུད་ཚང་ཚང་མར་གཏོང་གི་ཡོད”ཅེས་སྨན་གླིང་རྫོང་བམ་གྲོང་གྲོང་ཚོའི་ཡུལ་མི་ཨོ་རྒྱན་ཚེ་རིང་གིས་ཚོར་སྣང་ཟབ་མོའི་སྒོ་ནས་བརྗོད་བྱུང་།
         བམ་གྲོང་གྲོང་ཚོའི་འཐུང་ཆུ་གཙང་མའི་འདུ་འགོད་དེ་2012ལོར་ལག་ལེན་བསྟར་འགོ་ཚུགས་པ་དང་རང་འབབ་ཆུ་འདྲེན་གྱི་རྣམ་པའི་ཐོག་ནས་ཆུ་འདྲེན་མདོང་ལམ་དང་ཆུ་གཙང་སེལ་མདོང་ལམ་ཁྲིད་དེ་ཆུ་ལེན་ས་དང་ཆུ་གསོག་རྫིང་བུ་གསར་བསྐྲུན་བྱས་ནས་གྲོང་ཚོ་དེ་ཡོངས་ཀྱི་ཡུལ་མི་དུད་ཚང་72དང་སྒོ་ཕྱུགས་མགོ་གྲངས་1300ཙམ་ལ་རང་འབབ་ཆུ་ཀ་ལ་ནས་དྭངས་གཙང་ཆུ་འཐུང་རྒྱུ་བྱུང་ཡོད།
          ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་གཙང་མའི་འདུ་འགོད་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། “2001ལོ་ནས་བཟུང་གྲོང་གསེབ་ཀྱི་འཐུང་ཆུའི་དཀའ་སེལ་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ་དང་། ‘ལོ་ལྔ་ཚན་བཅུ་གཅིག་པའི’རིང་གྲོང་གསེབ་ཀྱི་འཐུང་ཆུ་གཙང་མའི་འདུ་འགོད་ལག་ལེན་བསྟར་བ། 2010ལོར‘དུད་ཚང་ཀུན་ལ་ཤར་གཏོང་ཐུབ་པའི’འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ནས་ཞིང་འབྲོག་ཁུལ་གྱི་མི་ཕྱུགས་ཚང་མར་བློ་བདེའི་ཆུ་འཐུང་རྒྱུ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཆུ་བེད་པུས་བོད་ཀྱི་ཆུ་བེད་ཐད་མ་འཇོག་བྱེད་ཚད་ལོ་རེ་བཞིན་མང་དུ་བཏང་བ་དང་2013ལོར་བཏང་བའི་མ་དངུལ་སྒོར་དུང་ཕྱུར་45ཟིན་པ་དང་ན་ནིང་སྒོར་དུང་ཕྱུར་50ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད”ཅེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཝུན་ཧན་གྱིས་བརྗོད་བྱུང་།
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2020ལོར་སླེབས་སྐབས་བོད་ཀྱིས་ད་དུང་ཞིང་འབྲོག་ཁུལ་དུ་གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་བྱས་ནས་ཕན་པ་ཐོབ་པའི་མི་འབོར་གྱི་བསྡུར་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་དང་རྫོང་གྲོང་37གྱི་ཆུ་ཁུངས་འགན་ལེན་གྱི་གནད་དོན་ཐག་གཅོད་བྱས་ཏེ་ལྗོངས་ཡོངས་སུ་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་དུང་ཕྱུར་5གསར་འཕར་ཡོང་བའི་འཆར་གཞི་ཡོད་པ་རེད། ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་གིས། ༽
      

    ཕྱོགས་བསྡུས་གསར་འགྱུར།