འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱབ་ཤ་དཀར་པོའི་དེབ་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བྱས་པ་ནི་
    རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་འཚམ་ཡོད་ཅེས་འཁོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་6ཉིན་སྤེལ་བའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེ་ནི་ཀྲུང་གོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་འཚམ་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོ་ལྟ་བུའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་ཡང་དག་པའི་གདམ་ག་ཞིག་རེད། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་རང་སྐྱོང་ཞིག་ཡིན་པ་དང་། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ནི་རྒྱལ་ཁབ་དང་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས། མི་རིགས་རང་སྐྱོང་ས་གནས་ཁག་གི་རང་སྐྱོང་ལས་ཁུངས་ཚང་མས་ངེས་པར་དུ་ཀྲུང་དབྱང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་དགོས་ཞེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་། 1991ལོའི་ཞི་བའི་བཅིངས་འགྲོལ་དང་1959ལོའི་དམངས་གཙོའི་བཅོས་སྒྱུར་བརྒྱུད་རྗེས། བོད་ཀྱིས་1965ལོར་རང་སྐྱོང་ལྗོངས་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དངོས་སུ་བཙུགས་ཡོད། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བྱས་པས་གཅིག་གྱུར་དང་རང་སྐྱོང་ཕན་ཚུན་ཟུང་འབྲེལ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཕན་ཚུན་ཟུང་འབྲེལ་ཐུབ་ཡོད། ལམ་ལུགས་དེས་ལོ་རྒྱུས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་པས་དེར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་དོན་སྙིང་ལྡན་ཞིང་། དེ་ནི་རྒྱལ་ཁབ་དང་བོད་ས་གནས་ཀྱི་ལོ་རྒྱུས་སྲོལ་རྒྱུན་དང་འཚམ་ལ། མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་རྩ་བའི་ཁེ་ཕན་དང་ཡང་འཚམ་ཡོད་ཅེས་བསྟན་ཡོད།
         གཞན་ཡང་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དབང་ཆ་ཚང་མ་མི་དམངས་ལ་ཡོད། རྒྱལ་ཁབ་ཀྱིས་རྒྱ་ཆེའི་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱི་འཚོ་བའི་ནང་རང་སྐྱོང་ས་གནས་ཁག་ལ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་སོགས་ཀྱི་རང་སྐྱོང་དབང་ཆ་ཡོད་ལ། རང་སྐྱོང་ས་གནས་ལ་རང་ས་ཁུལ་གྱི་ལས་དོན་དོ་དམ་བྱེད་པའི་དབང་ཆའང་ཡོད། འདི་ནི་མི་རིགས་ས་ཁུལ་དུ་སྤྱི་ཚོགས་རིང་ལུགས་དམངས་གཙོའི་མཚོན་ཚུལ་ཞིབ་ཕྲ་ཞིག་རེད།
         མིག་སྔར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ནི་རང་སྐྱོང་ལས་ཁུངས་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་གནས་སྲིད་དབང་སྒྲིག་གཞི་ཡང་ཡིན་པས། ས་གནས་སོ་སོའི་དོན་དངོས་གཞིར་བཟུང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ལོ་ངོ་བཅུ་གྲངས་ཀྱི་འཚོལ་ཞིབ་ལག་ལེན་བྱས་པ་བརྒྱུད། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་བུར་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་མངོན་འགྱུར་བྱུང་ཡོད། ལམ་ལུགས་འདི་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།