འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་རྩྭ་ཐང་ནས་ཡན་ཨན་གནས་མཆོག་བར།

    —— བོད་རིགས་ཀྱི་དམར་དམག་རྒན་གྲས་ཐན་པའོ་ཡི་རི་འགོག་དམག་འཁྲུག་གི་ལོ་ཟླ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         1935ལོའི་ཟླ་6པར་བྱང་བསྐྱོད་རི་འགོག་བྱེད་མཁན་ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་ཕྱོགས་སྒར་ཆེན་དང་པོ་དང་། གཉིས་པ། བཞི་པ་བཅས་ཀྱིས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བརྒྱུད་ནས་འགྲོ་དུས་དམར་དམག་ལ་བསྟོད་གླུ་ལེན་པའི་གླུ་སྒྲ་རྔ་པ་རྩྭ་ཐང་ཐོག་ཡོངས་སུ་གྲགས། སྐབས་དེ་དུས་ལོ་18ལ་སླེབས་པའི་བོད་རིགས་ཀྱི་དགེ་འདུན་པ་དབུལ་པོ་ཞིག་གིས་གྲྭ་ཆས་ཕུད་ནས་དམར་དམག་ནང་ཞུགས་པས་བོད་རིགས་ཀྱི་དམར་དམག་འཐབ་འཛིང་པ་ཁག་དང་པོ་དང་བོད་རིགས་ཀྱི་གུང་ཁྲན་ཏང་ཡོན་ཁག་དང་པོར་གྱུར།
         ཁོང་དང་མཉམ་དུ་དམར་དམག་ནང་ཞུགས་ནས་བྱང་བསྐྱོད་རི་འགོག་འགྲོ་མཁན་ཕུལ་བྱུང་བོད་རིགས་བུ་ཕྲུག་གྲས་སུ་ད་དུང་དབྱང་ཏུང་ཧྲེང་(ཤེས་རབ་དོན་གྲུབ)དང་། བཀྲ་ཤིས་དབང་ཕྱུག  ཧྲ་ན(ཀུའུ་ཀུའུ) ཧུའུ་ཙུང་ལིན(རིན་ཆེན་བསོད་ནམས) ཡོན་ཤའོ་ཀང་། མོང་ཐེར། ལུའོ་ཏེ་ཀན། ཝང་ཧྲོའུ་ཚེ་སོགས་ཡོད་པ་རེད། དེ་རྗེས་ཁོང་ཚོས“རི་པིན་བཙན་རྒྱལ་རིང་ལུགས་མཐར་སྤྲོད་གཏོང་བ་དང་། རང་མོས་འདྲ་མཉམ་གྱི་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པའི”བླ་ན་མེད་པའི་མི་རིགས་བཅིངས་འགྲོལ་ལས་འགུལ་དེའི་ཁྲོད་ཞུགས་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་། ཀྲུང་གོ་ཡོངས་ལ་བཅིངས་འགྲོལ་གཏོང་བ། བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།
         ཁོང་ནི་བོད་རང་སྐྱོང་ལྗོངས་མི་དམས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་སི་ཁྲོན་ཞིང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་(སྐབས་དེ་དུས་ཧྲུའུ་ཅི་དང་པོ་བཀོད་སྒྲིག་བྱས་ཡོད་པ)ཐན་པའོ་རེད།
         མཚན་བསྒྱུར་བ།
         དམར་དམག་ནང་ཞུགས་མ་ཐག་ཁོང་གི་མིང་ལ་རྨ་རྒྱལ་སངས་རྒྱས་ཡེ་ཤེས་ཞེས་བརྗོད་པ་དང“ཐན་པའོ”ཞེས་པའི་མཚན་དེ་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བཏགས་གནང་བ་ཞིག་རེད།
         1936ལོར་སངས་རྒྱས་ཡེ་ཤེས་ཀྱིས་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པ་དང་མཉམ་དུ་དཀའ་བ་ཚད་མེད་སྤྱད་ནས་ཧྲའན་པེར་སླེབས། ཏང་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་ཡན་ཨན་དུ་དམག་འཁྲུག་གི་མེ་ལྕེ་མཁའ་ལ་འཕྱུར་བའི་ལོ་ཟླར་ཁོང་གིས་ལོ་10ཙམ་སློབ་སྦྱོང་དང་ལག་ལེན་གནང་འགོ་ཚུགས།
         ཐོག་མར་སངས་རྒྱས་ཡེ་ཤེས་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པའི་ཏང་གི་སློབ་གྲྭར་སློབ་སྦྱོང་ལ་བཏང་བ་དང་རྗེས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭས་གྲངས་ཉུང་མི་རིགས་ཀྱི་འཛིན་གྲྭ་བཙུགས་ཏེ་ཁོང་སླར་ཡང་གྲངས་ཉུང་མི་རིགས་ཀྱི་བློ་མཐུན་གཞན་དག་དང་མཉམ་དུ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་ལ་བཏང་། འཛིན་གྲྭར་གྲངས་ཉུང་མི་རིགས་ཀྱི་སློབ་མ་20ལྷག་ཙམ་ཡོད་པ་ཕལ་ཆེ་བ་རྒྱང་སྐྱོད་བརྒྱུད་མྱོང་བ་དང་སངས་རྒྱས་ཡེ་ཤེས་ཀྱིས་པན་ཀྲང་དང་སློབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གྲྭའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་གྱི་འགན་གཅིག་ལྕོགས་ཁུར།
         ལོ་དེར་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ལིའུ་ཧྲའོ་ཆི། ཀྲང་ཝུན་ཐན་སོགས་ཀྲུང་དབྱང་གི་འགོ་ཁྲིད་རྟག་ཏུ་ཏང་གི་སློབ་གྲྭར་སློབ་ཁྲིད་ལ་ཕེབས་ཀྱི་ཡོད།
         ཐེངས་གཅིག་མའོ་ཙེ་ཏུང་གིས་སློབ་ཚན་ཁྲིད་གནང་སྐབས། རི་འགོག་དམག་འཁྲུག་གི་ཡུན་རིང་རང་བཞིན་དང་འཐབ་ཕྱོགས་གཅིག་གྱུར་སྐོར་རགས་ཙམ་ནས་གཏིང་ཟབ་བར་དགོད་བྲོ་བའི་རྣམ་པའི་ཐོག་ནས་ཁྲིད་པ་སངས་རྒྱས་ཡེ་ཤེས་ཀྱིས་བརྟན་པོར་ངེས་གནང་།
         སློབ་ཚན་གྲོལ་རྗེས་མའོ་ཀྲུའུ་ཞིས་གྲངས་ཉུང་མི་རིགས་ཀྱི་སློབ་མ་མི་རེ་ངོ་རེའི་གནས་ཚུལ་འདྲི་རྟོགས་ཞིབ་ཕྲ་གནང་།
          ཀྲུའུ་ཞིས“མིང་ལ་གང་ཟེར། མི་རིགས་གང་ཡིན”ཞེས་བཀའ་འདྲི་གནང་།
         སངས་རྒྱས་ཡེ་ཤེས་ཀྱིས“མིང་ལ་སངས་རྒྱས་ཡེ་ཤེས་ཟེར་བ་དང་བོད་རིགས་ཡིན”ཞེས་ལན་བཏབ།
         ཀྲུའུ་ཞིས་སླར་ཡང“སངས་རྒྱས་ཡེ་ཤེས་ཟེར་བའི་ནང་དོན་གང་ཡིན་ནམ”ཞེས་བཀའ་འདྲི་གནང་།
         སངས་རྒྱས་ཡེ་ཤེས་ཀྱིས“དེ་དོན་ཞིབ་པར་ཞུས་རྗེས་དེ་ནི་སྤྲུལ་སྐུས་བཏགས་པའི་མིང་རེད”ཅེས་ལན་བཏབ།
         ཀྲུའུ་ཞིས“རྒྱ་རིགས་ཀྱི་གནའ་བོའི་ཤོད་སྲོལ་ལ་རང་གི་མིང་དང་གོ་དོན་འདྲ་མཚུངས་ཡིན་པའི་མིང་ཚིག་ཅིག་ཡོད་པ་དེར་ཐན་པའོ་བརྗོད་པས་ངས་ཁྱེད་ལ་མིང་དེ་ལྟར་བཏགས་ན”ཞེས་གསུངས།
         དུས་དེ་ནས་བཟུང“ཐན་པའོ”ཞེས་པའི་མིང་དེ་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་དེབ་ཐེར་དུ་འཁོད།
         ལས་དོན།
         སུའུ་ལན་གྱིས་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པའི་དངོས་རྫས་ཚང་མ་ཤིན་ཅང་ནས་དབོར་གྱི་ཡོད། སྐབས་དེ་དུས་ཏང་ལ་ཨུ་རུ་སུའི་སྐད་ཡིག་གི་ཤེས་ལྡན་པ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། 1938ལོར་ཏང་གིས་ལས་བྱེད་པ་ཁག་གཅིག་ཤིན་ཅང་དུ་ལས་ཀར་བཏང་བ་དང་ཐན་པའོ་ཡང་ཤིན་ཅང་དུ་བཏང་། ཁོང་དམག་གསར་སྒར་གྱི་སློབ་མའི་རུ་དཔོན་དུ་བདམས་ཤིང་། གཙོ་བོ་ཏང་གི་ཆབ་སྲིད་ལས་དོན་སྒྲུབ་པ་དང་དུས་མཚུངས་ཨུ་རུ་སུའི་སྐད་ཡིག་སྦྱོང་རྒྱུ་དེ་རེད།
         1939ལོར་ཐན་པའོ་སླར་ཡང་ཡན་ཨན་དུ་ལས་སྒྱུར་གནང་ནས་ནུབ་བྱང་ལས་དོན་ཨུ་ལྷན་དུ་ཕྱག་ལས་གནང་། ནུབ་བྱང་ལས་དོན་ཨུ་ལྷན་ནི་ཏང་གིས་བཙུགས་པའི་མི་རིགས་ལས་དོན་ཁག་བགོས་དོ་དམ་གྱི་ཆེད་འགན་ཁུར་བའི་སྒྲིག་གཞི་དང་པོ་དེ་རེད།
         རི་འགོག་དམག་འཁྲུག་སྐབས་རི་དམག་གིས་རང་རྒྱལ་གྱི་མི་རིགས་ཁག་དབར་དཀྲུགས་ཤིང་བརྒྱབ་པ་དང་མི་རིགས་ཁ་བྲལ་གྱི་ངན་སྐུལ་བྱས་ནས། “ཀྲུང་གོས་ཀྲུང་གོ་གཅུན་པའི”ངན་ཇུས་མངོན་འགྱུར་ཐུབ་པའི་རེ་ངན་བཅངས། ནུབ་བྱང་ལས་དོན་ཨུ་ལྷན་གྱིས་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ། མཚོ་སྔོན། ཤིན་ཅང་། ནང་སོག་བཅས་ཞིང་ཆེན་ཁག་གི་གསང་བའི་ཏང་གི་ལས་དོན་གཙོ་སྐྱོང་དང་རི་དམག་གིས་མི་རིགས་ཁ་ཕྲལ་གཏོང་བའི་ངན་ཇུས་གཤོམ་པར་མདུང་རྩེ་ཁ་སྤྲོད་ཀྱི་འཐབ་རྩོད་བྱེད་ཀྱི་ཡོད།
         ལས་ཀའི་དགོས་མཁོས་ནུབ་བྱང་ལས་དོན་ཨུ་ལྷན་གྱིས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཞིབ་འཇུག་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གནད་དོན་སྐོར་གྱི་རིགས་པའི་གཞུང་ལུགས་གོ་མཚོན་དུ་བྱས་ནས་རྒྱལ་ནང་གི་གྲངས་ཉུང་མི་རིགས་གནད་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་གྲངས་ཉུང་མི་རིགས་ལས་དོན་སྤེལ་རྒྱུ་དུས་དེ་ནས་འགོ་བཙུགས་པ་རེད།
         གྲགས་ཅན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་མཁས་ཅན། ཁྱད་དུ་འཕགས་པའི་འགོ་ཁྲིད་པ་བཅས་ཡིན་པའི་ལི་ཝེ་ཧན་གྱིས་དྲན་གསོ་གནང་བར་གཞིགས་ན། སྐབས་དེར་ནུབ་བྱང་ལས་དོན་ཨུ་ལྷན་དུ་ད་དུང་བཀྲ་ཤིས་དབང་ཕྱུག་དང་། མོང་ཏེར། ཧྲ་ཐེ་སོགས་བོད་རིགས་གཞོན་ནུ་རྐང་འཛིན་པ་གཅིག་སྡུད་བྱས་པ་དང་སྐབས་དེ་དུས་ནུབ་བྱང་འཐབ་ཕྱོགས་གཅིག་གྱུར་པུའི་དྲུང་ཡིག་ཧོ་ཁྲེང་ཧྭ་སོགས་ཀྱིས་ཁོང་ཚོར་རྒྱ་ཡིག་བརྡ་རྙིང་དང་དེང་རབས་རྒྱ་ཡིག་གི་ཤེས་བྱ་ཟུར་ཁྲིད་བྱས་པ་རེད།
         ནུབ་བྱང་ལས་དོན་ཨུ་ལྷན་དུ་མི་རིགས་ཀྱི་ལས་དོན་སྒྲུབ་པ་ཕུད། སློབ་སྦྱོང་གནང་རྒྱུ་དེ་ཐན་པའོ་ཡི་ལས་འགན་གལ་ཆེན་ཞིག་རེད།
         སློབ་སྦྱོང་།
         རི་འགོག་དམག་འཁྲུག་གི་དུས་བབ་འཕེལ་རྒྱས་འགྲོ་བ་དང་སྦྲགས་གྲངས་ཉུང་མི་རིགས་ལས་བྱེད་པ་འབོར་ཆེན་ཞིག་གསོ་སྐྱོང་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་གིས་1941ལོའི་ཟླ་7པར་ཀྲུང་དབྱང་ཏང་གི་སློབ་གྲྭའི་མི་རིགས་འཛིན་གྲྭ་དང་། ཧྲའན་པེ་སྤྱི་པའི་སློབ་གྲྭའི་མི་རིགས་པུའུ། དེ་བཞིན་ཀྲུང་གོ་མི་དམངས་རི་འགོག་དམག་སྲིད་སློབ་ཆེན་དང་བུད་མེད་སློབ་ཆེན་བཅས་ཀྱི་གྲངས་ཉུང་མི་རིགས་སློབ་མ་གཅིག་སྡུད་བྱས་ནས་ཡན་ཨན་མི་རིགས་སློབ་གླིང་བཙུགས།
          ཐན་པའོ་ཡང་རྩ་འཛུགས་ཀྱིས་ཡན་ཨན་མི་རིགས་སློབ་གླིང་དུ་ཟབ་སྦྱོང་ལ་བཏང་།
         ཡན་ཨན་མི་རིགས་སློབ་གླིང་དུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་། ཆབ་སྲིད། དཔལ་འབྱོར། ལོ་རྒྱུས་བཅས་དང་དེ་བཞིན་སྤྱི་ཚོགས་གོམས་འདྲིས་ཀྱི་བོད་རིགས་དང་། སོག་རིགས། ཧུའེ་རིགས་བཅས་ཀྱི་ཞིབ་འཇུག་ཁང་བཙུགས་ནས་སློབ་ཁྲིད་དང་ཞིབ་འཇུག་ཟུང་འབྲེལ་བྱས་པ་དང་། ད་དུང་བོད་རིགས་དང་སོག་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་སློབ་ཚན་ཡང་བཀོད་སྒྲིག་བྱས་པ་རེད།
         རིག་གནས་ཤེས་བྱ་སློབ་ཁྲིད་དང་དུས་མཚུངས་ད་དུང་རྒྱལ་གཅེས་རིང་ལུགས་དང་དེ་བཞིན་ཏང་གི་མི་རིགས་སྲིད་ཇུས་སློབ་གསོ་རྒྱག་གི་ཡོད།
    སྐབས་དེ་དུས་གོ་མིན་ཏང་གི་དམག་དཔུང་མང་པོས་ཧྲའན་ཀན་ཉིང་མཐའ་མཚམས་ཁུལ་བཀག་སྡོམ་བྱས་པས་ཡན་ཨན་གྱི་འཚོ་བ་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་ཅིང་། དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུ་གྱོན་གོས་དང་། བཟའ་སྣུམ། ཤོག་བུ། སྨན་རྫས། ལྷམ་དང་རྐང་ཤུབས་དང་ཐ་ན་དགུན་དུས་སུ་མལ་ཆས་ཀྱང་མེད། འོན་ཀྱང་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་སློབ་མའི་འཚོ་བར་དམིགས་བསལ་གྱི་ཐུགས་ཁུར་གནང་གི་ཡོད།
         འཐབ་ཕྱོགས་གཅིག་གྱུར།
         1943ལོར་གོ་མིན་ཏང་ཧུའུ་ཙུང་ནན་དམག་དཔུང་གིས་ཡན་ཨན་ལ་དཔུང་འཇུག་བྱེད་རྩིས་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་གིས་ཡན་ཨན་མི་རིགས་སློབ་གླིང་གི་སློབ་གསོའི་འགོ་ཁྲིད་ཧྲའན་ཀན་ཉིང་མཐའ་མཚམས་ཁུལ་གྱི་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གྱི་འགན་ཁུར་བའི་ཨུ་ལན་ཕུའུ་ལ་སློབ་མ་དེ་དག་གནས་སྐབས་ནང་སོག་རྩྭ་ཐང་དུ་ཕྱིར་འཐེན་གྱི་གཏན་འབེབས་བྱས།
         ཡོན་ཀྲང་ལི་ཝེ་ཧན་གྱིས་ལས་དོན་བཀོད་སྒྲིག་འོས་འཚམ་བྱས་ནས་ཁོང་ཚོ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་དེ་བས་གལ་འགངས་ཆེ་བ་ནི་ཁོང་ཚོར་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་མངགས་བྱ་བྱས།
         ནང་སོག་རྩྭ་ཐང་དུ་ཞུགས་རིང་ཐན་པའོ་ཡིས་དམག་སྡེ་བརྒྱད་པའི་ཡན་ལག་ཁུལ་གསུམ་པའི་དབྱི་ཁེ་ཀྲའོ་མོང་སོག་རིགས་རྒྱ་རིགས་ཉིང་ལག་རུ་ཁག་རུ་ཆེན་གསུམ་པའི་སློབ་སྟོན་པའི་འགན་བཞེས། དེ་གར་ཁོང་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པར་མི་རིགས་ལས་དོན་སྒྲུབ་པའི་སྦྱོང་བརྡར་ཐེབས།
         དེའི་རིང་ཐན་པའོ་དང་བློ་མཐུན་ཚོས་སོག་རིགས་དང་རྒྱ་རིགས་ཀྱི་རིམ་གྲས་ཁག་གི་མི་སྣ་རི་འགོག་དམག་འཁྲུག་ལ་ཞུགས་རྒྱུར་དྲིལ་བསྒྲགས་དང་། སྒྲིག་འཛུགས། མཐུན་སྒྲིལ། བརྩོན་ལེན་བཅས་རྒྱ་ཁྱབ་ངང་བྱས་པ་དང་གོ་མིན་ཏང་གི་བཅའ་སྡོད་དཔུང་སྡེ་དང་སོག་རིགས་ཀྱི་ས་གནས་དྲག་ཆས་མཉམ་འབྲེལ་ཐོག་རི་འགོག་དམག་འཁྲུག་ལ་ཞུགས་རྒྱུའི་བརྩོན་ལེན་བྱས་ཏེ་ནང་སོག་གི་རི་འགོག་དམག་འཁྲུག་ལ་ལེགས་སྐྱེས་གལ་ཆེན་ཕུལ།
         ཏང་རྩ་འཛུགས་ཀྱིས་ཐན་པའོ་ཏི་ཧོར་(ཝུའུ་ལུའུ་མུའུ་ཆི)རི་འགོག་དམག་འཁྲུག་གི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཛུགས་པར་བཏང་ནས་གཡུལ་ས་མདུན་མར་རི་པིན་བཙན་འཛུལ་པ་འགོག་རྒོལ་བྱེད་དུ་འགྲོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱས་པ་རེད།
         ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་ཀྲུང་དབྱང་གི་ཉིན་རེའི་གྲོས་རིམ་དུ་བཅུག་པ་དང་། ཐན་པའོ་དང་འདྲ་བའི་ལོ་མང་རིང་གསོ་སྐྱོང་ཞིབ་ཚགས་བྱས་པ་དང་ཁྲག་དང་མེ་ལྕེའི་གསར་བརྗེའི་སྦྱོང་བརྡར་བྱེད་མྱོང་བའི་བོད་རིགས་ལས་བྱེད་པ་ཁག་གཅིག་སྤྱོད་གོ་ཆོད་པར་གྱུར།
         དུས་དེ་ནས་བཟུང་ཐན་པའོ་དང་བོད་ཀྱི་བཅིངས་འགྲོལ་དང་འཛུགས་སྐྲུན་བྱ་གཞག་དབར་འབྲེལ་བ་ཟབ་མོ་ཆགས། ཁོང་གིས་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་པ་དང་། བོད་ལ་བཅིངས་འགྲོལ་བཏང་བ། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ། དམངས་གཙོའི་བཅོས་སྒྱུར། ཟིང་བཅོས་ཡོ་བསྲང་སོགས་ལོ་རྒྱུས་དུས་སྐབས་འགངས་ཆེན་ལ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་འདོན་སྤེལ་གནང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ།
         2008ལོའི་ཟླ་2ཚེས་21ཉིན་ཐན་པའོ་ཁྲེང་ཏུར་སྐུ་གཤེགས་པ་དང་དགུང་ལོ་92ཡིན་པ་རེད། ཁོང་གི་བློ་གྲོས་དང་དཔའ་ངར་ཆེན་པོ་དང་ཁོང་གི་གཟེངས་སུ་ཐོན་པའི་བྱས་རྗེས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་སུ་བརྟན་པོར་འཁོད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་སུ་བརྟན་པོར་ངེས་ཡོད། ༼ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། སུན་ཁའེ་ཡོན། ༽
      

    ཕྱོགས་བསྡུས་གསར་འགྱུར།