འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཆོང་སྐྱོད་འཕེལ་རྒྱས་བྱུང་། རྒྱལ་ཁབ་སྟོབས་ཤུགས་མངོན་པར་བྱས།

    བོད་སྐྱོར་རྣམ་གྲངས་8310ལག་བསྟར་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་296དོན་འཁྱོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ད་ཆ་ལྷ་སའི་སྐྱིད་ཆུའི་ངོགས་ཀྱི་བྲེལ་ཟིང་ཆེ་བའི་སྟག་རྩེ་བཟོ་ལས་གླིང་ཁུལ་དེར་མང་ཚོགས་ཀྱིས“ས་ཆ་ཡག་པོ”ཞེས་འབོད་ཀྱི་ཡོད། ས་གཞི་དེ་གར་ཁེ་ལས་340ལྷག་བཅའ་སྡོད་བྱས་ནས་ཞིང་འབྲོག་པ་4000ལྷག་གི་ལས་ཞུགས་ཐག་གཅོད་བྱུང་ཡོད། ལོ་20ཡི་གོང་དུ་སྟག་རྩེ་རྫོང་དུ་ཁེ་ལས་གང་ཡང་མེད་ནའང་ད་ཆ་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་ཅང་སུའུ་ཞིང་ཆེན་གྱི་རོགས་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད།
          1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་ལས་དོན་གྱི་བྱེད་ཕྱོགས་གཏན་འཁེལ་བྱས་ཏེ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་59དང་། ཞིང་ཆེན་དང་གྲོང་ཁྱེར་17 ཀྲུང་དབྱང་རྐང་འཛིན་ཁེ་ལས་17བཅས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཀྲུང་དབྱང་བོད་སྐྱོང་ཇུས་ཆེན་སྔར་བས་ཕུན་སུམ་ཚོགས་པོ་དང་གཏིང་ཟབ་ཏུ་བཏང་སྟེ། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་2020ལོ་བར་རིང་དུ་གཏོང་རྒྱུ་དང་། རྣམ་གྲངས་དང་མ་དངུལ་དེ་ཞིང་འབྲོག་ཁུལ་དང་དམངས་འཚོའི་ཐད་ཕྱོགས་ཏེ་ལས་བྱེད་པའི་བོད་སྐྱོར་ཉིད་གཙོ་བོར་བྱེད་པ་དང་། དཔལ་འབྱོར་གྱི་བོད་སྐྱོར་དང་། ཚན་རྩལ་གྱི་བོད་སྐྱོར། ཤེས་ལྡན་པ་དང་སློབ་གསོའི་བོད་སྐྱོར་ཟུང་དུ་སྦྲེལ་བའི་བོད་སྐྱོར་རྣམ་པ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།
          གཞི་གྲངས་ཀྱི་ཐོག་ནས་ལོ་འདི་དག་རིང་བོད་ལྗོངས་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་མཚོན་པ་སྟེ། 1993ལོ་ནས་2014ལོའི་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་37ནས་སྒོར་དུང་ཕྱུར་920.83ལ་འཕར་ནས་ལོ་21རིང་བསྟུད་མར་གྲངས་གནས་གཉིས་མྱུར་པོར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་1.56ནས་སྒོར་དུང་ཕྱུར་164.75བར་འཕར་ནས་ལྡབ་104མང་དུ་ཕྱིན་ཡོད། 2014ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7471ཟིན་པ་ནི་1993ལོའི་ལྡབ་10.6ཡིན། གཞི་གྲངས་ཀྱི་ཐོག་ནས་དྲོ་སྐྱིད་མཚོན་པ་སྟེ། དེར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་མཚོན་པ་མ་ཟད། ཀྲུང་དབྱང་གི་ལས་ཁུངས་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་སོགས་ཀྱི་ལོ་ངོ་20ལྷག་གི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་འདུས་ཡོད་པ་རེད།
         ཁ་གཏད་བོད་སྐྱོར་ལས་འགན་འཁུར་བའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱིས་བོད་སྐྱོར་ལས་འགན་དེ་རང་ས་དང་རང་གི་ཚན་པའི་སྤྱིའི་འཆར་འགོད་དང་ལས་ཀའི་བཀོད་སྒྲིག་ནང་བཅུག་པ་དང་། བོད་སྐྱོར་མ་དངུལ་བརྟན་འཕར་གྱི་ལམ་སྲོལ་བཟོས་པ། ཤེས་ལྡན་པ་དང་། མ་དངུལ། ལག་རྩལ་སོགས་ཁྱོན་ཡོངས་ནས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་ལས་དོན་བསྒྲུབས་ཏེ་ལུས་སེམས་གཅིག་སྦྲེལ་དང་རོགས་རེས་ལྷད་མེད་ཀྱི་མི་སེམས་འགུལ་བའི་འཁྲབ་ཚན་རིང་པོ་ཞིག་བརྩམས་པ་རེད། 2014ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་8310ལག་བསྟར་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་296དོན་འཁྱོལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད།
         བོད་སྐྱོར་གྱིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་མ་བཏང་ཞིང་། ཀོང་ཏུང་དང་ཕུའུ་ཅན་ཞིང་ཆེན་གཉིས་ཀྱིས་བོད་སྐྱོར་བྱས་པར་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་དུ་ཁྱད་ལྡན་གསོ་ཚགས་དང་། སྤུས་ལེགས་ཤིང་འབྲས་དང་ཤིང་འབྲས་སྐམ་པོ། ནགས་གསེབ་ཐོན་ཁུངས་སྔོག་འཐུ་ལས་སྣོན། འབྲུ་སྣུམ་ཐོན་སྐྱེད་ལས་སྣོན་བཅས་གཙོ་བོར་བྱེད་པའི་ཐོན་ལས་ཁུལ་དང་སྤུས་ལེགས་ཆུ་འབྲས་དང་། པད་རྩ། རི་སྐྱེས་སྡོང་ཕུང་བཅས་གཙོ་བོར་བྱེད་པའི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་རགས་ཙམ་བསྐྲུན་ཡོད་པ་རེད།
         ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་འབྲུག་མཆོད་རྟེན་གྲོང་ཚོར་བསྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཀྱི་སྡོད་ཁང་སྟར་པ་དང་། ཨར་འདམ་ལམ། ཉི་ནུས་ལམ་སྒྲོན། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་སོགས་གང་དགོས་ཅི་དགོས་ཡོད། ས་གནས་ཀྱི་ལས་བྱེད་པས་གྲོང་ཚོ་དེ་ནི་བོད་སྐྱོར་མ་དངུལ་སོགས་ལ་བརྟེན་ནས་བསྐྲུན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་12ཀྱི་གྲས་ཤིག་རེད་ཅེས་བརྗོད་བྱུང་། ཉེ་བའི་ལོ་ཤས་རིང་ཁ་གཏད་བོད་སྐྱོར་ཚན་པས་80%ཡན་གྱི་བོད་སྐྱོར་མ་དངུལ་དང་རྣམ་གྲངས་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་གཟིགས་སྐྱོང་བྱས་ཡོད། སྡོད་ཁང་དང་། འཐུང་ཆུ། གློག འགན་བཅོལ་ནང་ཞུགས་རྒྱུ་སོགས་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་བྱས་རྗེས་མིག་རྒྱང་དེ་སྔར་བས་རིམ་པ་མཐོ་བའི་འཕེལ་རྒྱས་ཐོག་བཞག་ཡོད།
         “བོད་སྐྱོར་བྱེད་པར་སྔོན་ལ་སློབ་སྐྱོར་དང་། འཕེལ་རྒྱས་གཏོང་བར་སྔོན་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས” སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དང་སྔོན་ཐོན་གྱི་སློབ་གསོ་གཏོང་སྟངས་ཀྱིས་ནང་སའི་བོད་ལྗོངས་འཛིན་གྲྭ་འདི་ཉིད་བོད་རིགས་སློབ་མ་མི་ཉུང་བས་གདམ་ག་བྱ་ཡུལ་ཨང་དང་པོར་གྱུར་ཡོད། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་21ཏུ་ནང་སའི་བོད་ལྗོངས་འཛིན་གྲྭ་(སློབ་གྲྭ)དང་འབྲིང་རིམ་ལས་རིགས་འཛིན་གྲྭ་བཙུགས་ནས་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་གཞི་ཁྱོན་མི་གྲངས་ཁྲི་2.69ཟིན་ཡོད། ན་ནིང་ཟླ་9པར་ལྷ་ས་གྲོང་ཁྱེར་ཤར་འདབས་ཀྱི་སློབ་གསོའི་གྲོང་ཁུལ་ནང་གི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ཅང་སུའུ་དཔེ་སྟོན་སློབ་གྲྭས་བོད་སྐྱོར་དགེ་རྒན་བརྒྱ་གྲངས་ནང་འདྲེན་བྱས་ནས་སྔོན་ཐོན་གྱི་སློབ་གཉེར་དང་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་ལྷ་སའི་ཁྱོན་ཡོངས་ཀྱི་སློབ་གསོའི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་ཁྲིད་བྱས་པས“སྒོ་འགྲམ་གྱི་བོད་ལྗོངས་འཛིན་གྲྭ”ཞེས་བརྗོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།