འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་མོའི་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་16ཉིན། 11:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་མོའི་དུས་ཆེན།
         མི་དམངས་དྲ་བའི་འཕྲིན། དུས་ཆེན་དང་རྟེན་འབྲེལ་ནི་གྲོང་ཁྱེར་དར་རྒྱས་དང་བརྟན་ལྷིང་གི་མཚོན་ཚུལ་ཞིག་ཡིན་ལ་མི་རིགས་རིག་གནས་འཕེལ་རྒྱས་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ལྷ་སར་མི་རིགས་ཀྱི་ཁྱད་ཆོས་ལྡན་ཤོས་དང་འཕེལ་རྒྱས་ཡག་ཤོས་བྱུང་བ་ནི་ལོ་གཅིག་དུས་གཅིག་གི་ཞོ་སྟོན་དེ་རེད། ཞོ་སྟོན་སྐབས་སུ་འབྲས་སྤུངས་དགོན་པའི་ནུབ་རིའི་ལྡེབས་སུ་དབུས་སུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཡོད་པའི་གོས་སྐུ་འགྲེམས་པ་དང་། སེར་སྐྱ་མང་ཚོགས་ཚོས་ཞོའི་སྟོན་མོ་ལོངས་སྤྱོད་བྱེད་པ་དང་གླིང་གཏོང་སྤྲོ་སྐྱིད་ལ་རོལ་ནས་གང་དགའ་གང་སྐྱིད་བྱེད་ཀྱི་ཡོད་པས་ས་ཕྱོགས་ཀུན་ཏུ་སྐད་གྲགས་ཆེན་པོ་ཡོད། འོན་ཀྱང་ཞོ་སྟོན་ལ་ལྷ་མོའི་དུས་ཆེན་ཞེས་པའི་མིང་འབོད་སྲོལ་ཡང་ཡོད་པ་ནི་དོན་དང་ཡོངས་སུ་འཚམ་པ་ཞིག་ཡིན།
         ལྷ་མོའི་ཆེས་ཐོག་མའི་འབྱུང་ཁུངས་ནི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་ཡ་གྱལ་བླ་མ་མ་ཎི་ཡིན་པར་གྲགས། ལྷ་མོ་ནི་སྤྱི་ལོ་1361ལོར་གཙང་ཕྱོགས་སུ་འཁྲུངས་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མི་རྣམས་ཆུ་ལ་སྒྲོལ་དཀའ་བའི་དཀའ་ངལ་ཐུགས་ལ་བཅངས་ནས་གང་སར་སློང་མོ་གནང་བ་དང་། ཀོང་པོ་སོགས་ནས་ལྕགས་ཀྱི་གཏེར་ཁ་བཏོན་ཏེ་ཆུ་ལ་ཟམ་པ་སྐྲུན་གནང་བས་མཐུན་རྐྱེན་སྦྱོར་མཁན་ཡང་མང་པོ་བྱུང་། འོན་ཏེ་སློང་མོ་དང་ཞལ་འདེབས་ཁོ་ནར་བརྟེན་ན་ཟམ་པ་གང་མང་སྐྲུན་རྒྱུའི་ཐུགས་རེ་དང་རྒྱང་ཐག་རིང་པོ་ཡོད་པས་སྐབས་དེར་ཁོང་ལ་ཐབས་ཤེས་ལེགས་པོ་ཞིག་རྙེད། དེ་ནི་ཟམ་སྐྲུན་ལས་མིའི་ཁྲོད་ནས་སྐད་སྙན་ལ་གཟུགས་མཛེས་པའི་བུ་མོ་བདུན་བདམས་ནས་གཏམ་རྒྱུད་སྣ་ཚོགས་བརྗོད་བྱར་བྱས་པའི་གོ་བདེ་ལ་ནང་དོན་ཟབ་པའི་ལྷ་མོའི་འཁྲབ་ཚན་མང་པོ་རང་རྩོམ་རང་འཁྲབ་ཀྱིས་བོད་ཀྱི་ས་ཕྱོགས་གང་སར་སྐོར་བསྐྱོད་འཁྲབ་སྟོན་གནང་བས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། འཁྲབ་མཁན་བུ་མོ་ཡིན་པའི་ཆ་ནས་ཨ་ཅེ་དང་སྐྱེས་གཟུགས་ལྷ་དང་མཚུངས་པའི་ཆ་ནས་ལྷ་མོ་ཞེས་ཆེ་བསྟོད་ཀྱིས་ཨ་ཅེ་ལྷ་མོ་ཞེས་པའི་མིང་དེ་བྱུང་བ་ཞིག་ཡིན། དེ་རྗེས་རིམ་བཞིན་འབག་དཀར་པོ་གསར་གཏོད་གནང་བ་དང་། དུས་རབས་14ནས་15ཙམ་ལ་འབག་སྔོན་པོ་གསར་གཏོད་གནང་ཡོད། ལྷ་མོ་ནི་དང་ཐོག་ཐང་ཆེན་དུ་འཁྲབ་པ་དང་རྔ་སྦུག་ཁོ་ན་རྡུང་ལེན་བྱེད་པ་ནས་དུས་རབས་17ཙམ་ནས་རིམ་བཞིན་འཆད་གྱེར་འཁྲབ་གསུམ་བྱེད་སྲོལ་དར་བ་དང་རོལ་ཆ་བེད་སྤྱོད་བྱེད་སྲོལ་ཡང་ཉུང་ཤས་དར་ཡོད། ད་དུང་མི་སྣའི་གཤིས་ཀ་སྣ་ཚོགས་མཚོན་པའི་འབག་སེར་པོ་དང་། ནག་པོ། དམར་པོ་སོགས་ཀྱང་སྤྱད་ནས་རིམ་བཞིན་ད་ཆའི་འཁྲབ་སྲོལ་དེ་དར་བ་ཡིན། ལྷ་མོ་གང་ཞིག་ཡིན་རུང་སྤྱིར་ན་འགོ་འཛུགས་ལྟ་བུའི་གདོན་ནམ་ས་རྡུལ་དང་། གཞུང་དངོས། མཇུག་བསྡུ་བའམ་བཀྲ་ཤིས་གཅོད་པ་བཅས་དང་། ནང་དོན་ཐད་ཞི་རྒྱས་དབང་དྲག་གི་ཉམས་འགྱུར་ཚང་མ་འཛོམས་པའི་བོད་ས་མཐོའི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་ཅིང་། སྔ་མོ་ལྷ་མོར་གཞུང་ཆེན་པོ་13ཡོད་པར་གྲགས་ཀྱང་ད་ཆ་གཞུང་ཆེན་པོ་བརྒྱད་ཡོད་པ་རེད།
         ལོ་རེའི་ལྷ་སའི་ཞོ་སྟོན་གྱི་འགོ་ནས་མཇུག་བར་ལྷ་མོ་དང་བྲལ་ཐབས་མེད་ལ་ཞོ་སྟོན་གྲ་རྒྱས་མིན་དེ་ཡང་ལྷ་མོའི་ལེ་ཚན་དང་འབྲེལ་བ་དམ་ཟབ་ཡོད། ལྷག་དོན་དུ་སྔར་ནས་ད་བར་ཞོ་སྟོན་གྱི་འཁྲབ་སྟོན་ལས་འགན་ནི་ལྷ་མོ་བ་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ་ལོ་གཅིག་དུས་གཅིག་གི་འཁྲབ་རྩལ་འདོན་ཡུལ་ལེགས་ཤོས་ཤིག་ཀྱང་ཡིན་པས་མི་ཚོས་ལྷ་མོའི་དུས་ཆེན་ཟེར་བར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད། དེ་སྔ་ཞོ་སྟོན་སྐབས་སུ་གཙང་ཁུལ་ནས་ཅུང་པ་ལྷ་མོ་ཚོགས་པ་དང་། ཤངས་པ་བ། རྒྱལ་མཁར་ཆོས་རྫོང་བ་བཅས་དང་ལྷོ་ཁ་ས་ཁུལ་ནས་ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་འཕྱོངས་རྒྱས་མཁའ་འགྲོ་སྤུན་བདུན། དེ་བཞིན་ལྷ་སའི་སྐྱོ་མོ་ལུང་པ་དང་སྙེ་མོ་ཐོན་པ་བ་སོགས་ལྷ་སའི་ཞོ་སྟོན་གྱི་གཞས་ཁྲལ་རྒྱུག་པར་ཡོང་དགོས་ཀྱི་ཡོད་ལ་དེ་ནི་ཁོང་ཚོའི་གཟི་བརྗིད་ཅིག་ཏུ་ཡང་བརྩི་གི་ཡོད།
         ལྷ་མོ་ཚོགས་པ་ཁག་གིས་ཞོ་སྟོན་ཉིན་དང་པོར་འབྲས་སྤུངས་སུ་གཞས་ཕུད་འབུལ་དགོས་པ་དང་ཉིན་གཉིས་པར་ནོར་བུ་གླིང་ཁའི་སྐལ་བཟང་ཕོ་བྲང་དུ་གཟིགས་ཕུད་རྒྱས་པ་རེ་ཕུལ་རྗེས་ཉིན་ཤས་ནང་ནོར་བུ་གླིང་ཁ་སོགས་སུ་ལྷ་མོའི་ཚོགས་པ་སོ་སོའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱེད་པ་དང་ཚེས་ལྔ་ནས་ལྷ་སའི་སྐུ་དྲག་ཆེ་ཁག་གི་ཁྱིམ་དུ་འཁྲབ་སྟོན་བྱེད་པར་སྐྱོད་ཀྱི་ཡོད། དེ་སྔ་ལྷ་སའི་ཞོ་སྟོན་ལ་ཞུགས་མཁན་ལྷ་མོ་ཚོགས་པ་ཁག་ལ་ལམ་ལུགས་ནན་པོ་ཡོད་པས་ཚོགས་པ་ལ་ལ་འབྱོར་ཐོ་འགོད་སྐབས་རྗེས་སུ་ལུས་ནས་ཞོ་སྟོན་ལ་ཞུགས་པའི་ཐོབ་ཐང་ཤོར་བའི་ལོ་རྒྱུས་ཀྱང་ཡོད་ལ་གཞས་ཕུད་འབུལ་ཉིན་ནས་འཁྲབ་སྟོན་གྱི་ལམ་ལུགས་ནན་པོར་སྲུང་བརྩི་ཞུ་དགོས་ཀྱི་ཡོད།
         བརྒྱ་བཤད་དོན་གྱི་སྙིང་དོན་དུ་གྱུར་བའི་ཞོ་སྟོན་ནི་ལྷ་མོར་དགའ་བའི་སྐྱེ་བོ་ཚོས་ལོ་འཁོར་མོར་རེ་སྒུག་བྱེད་པའི་སྒྱུ་རྩལ་ལོངས་སྤྱོད་གྱ་ནོམ་པ་ཞིག་ཡིན་ལ་ལྷ་མོའི་སྒྱུ་རྩལ་པ་ཚོས་རང་ཉིད་ཀྱི་མིང་གྲགས་ཆེ་རུ་གཏོང་བའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན།
         དུས་རབས་མང་པོ་འདས་པའི་དུས་ད་ལྟ་ཞོ་སྟོན་གྱི་བརྗོད་བྱ་གཙོ་གྲས་སུ་གྱུར་པའི་ལྷ་མོའི་ཐོབ་ཐང་དེ་བས་ཆེ་རུ་ཕྱིན་ནས་འབྲས་སྤུངས་ཀྱི་གཞས་ཕུད་འབུལ་ཉིན་ནས་བཟུང་བདུན་ཕྲག་གཅིག་ཙམ་འཁྲབ་སྟོན་བྱེད་པ་མ་ཟད། སྤྱིར་ན་ཞོ་སྟོན་གྱི་བྱེད་སྒོའི་ནང་ལྷ་མོའི་འགྲན་བསྡུར་ཡང་བྱེད་ཀྱི་ཡོད་ལ་རིག་གནས་དར་རྒྱས་དང་འཕེལ་རྒྱས་ཆེན་པོའི་སྐུལ་འདེད་འོག་ད་ཆ་བོད་དུ་དམངས་ཁྲོད་ལྷ་མོ་ཚོགས་པ་ཆེ་ཆུང་ཁག་147ཙམ་འཕེལ་རྒྱས་བྱུང་ཡོད་ལ་ཞོ་སྟོན་ལ་ཞུགས་མཁན་ལྷ་མོ་ཚོགས་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ད་དུང་2006ལོར་ལྷ་མོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལྷ་མོ་དེ་ཉིད་འཛམ་གླིང་མིའི་རིཊ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བདམས་པ་ལས་གནའ་བོའི་ལྷ་མོའི་སྒྱུ་རྩལ་གྱི་རིན་ཐང་གང་ལེཊ་མཚོན་པར་བྱས་ཡོད།
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།