འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོ་སྟོན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་16ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འབྲས་སྤུངས་ཞོ་སྟོན་སྐོར་ལ་ཤོད་སྲོལ་ཁ་ཤས་ཡོད་རུང་ཅུང་ཁུངས་བཙན་པ་ཞིག་ནི་འཇམ་དབྱངས་ཆོས་རྗེའི་དུས་ཏེ་ཧ་ལམ་སྤྱི་ལོ་1416ལོ་ནས་1449བར་ཡིན་པ་མངོན་ཅིང་། དེའི་སྐབས་སྣེའུ་དཔོན་ནམ་མཁའ་བཟང་པོས་འབྲས་སྤུངས་ཀྱི་དགེ་འདུན་རྣམས་ལ་དབྱར་གནས་གྲོལ་སྐབས་ཞོའི་བསྙེན་བཀུར་ཞུ་གི་ཡོད་པ་དང་། དེ་རྗེས་སྣེའུ་དཔོན་རྒྱུད་རྣམས་ནས་རྒྱུན་བསྐྱངས་པས་ཞོ་སྟོན་ཞེས་ཐོགས་པར་གྲགས།
         དོན་དུ་ཡང་སྐབས་དེར་བོད་དུ་ཞོ་ལེགས་པའི་ནམ་དུས་ཡིན་སྟབས་སྐྱེ་བོ་ཀུན་ཞོའི་སྟོན་མོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ལྷག་དོན་དུ་དེ་སྔ་སེ་འབྲས་སོགས་སུ་དབྱར་གནས་ཚུགས་སྐབས་དགེ་འདུན་པ་ཚོར་ཞོ་འབུལ་གྱི་ཡོད་པ་རེད། དེ་ཡང་སྔར་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་བ་རྣམས་བདུད་དགའ་རབ་དབང་ཕྱུག་གིས་བསྟན་པར་བར་ཆད་མི་འཇུག་པའི་ཆེད་དབྱར་གནས་ཚུགས་སྲོལ་ཡོད་པ་ལྟར་བོད་དུའང་བོད་ཟླ་དྲུག་པའི་ཚེས་15ནས་30བར་གདན་ས་གསུམ་སོགས་ཀྱི་དགེ་འདུན་པ་རྣམས་གཞི་གསུམ་གྱི་ཕྱག་ལེན་ལྟར་རྩྭ་སྔོན་པོའི་ཐོག་ཏུ་མི་སྐྱོད་པ་དང་། རྩྭ་དང་རྩི་ཤིང་མི་བྲེག་པ། ཆུ་མི་སྒྲོལ་བ་སོགས་ཀྱི་སྡོམ་ཁྲིམས་སྲུང་ནས་མཚམས་རྡོའི་ཕྱི་རོལ་ལ་མི་ཕེབས་པའི་དབྱར་གནས་ཚུགས་ཀྱི་ཡོད་ལ་དབྱར་གནས་གྲོལ་ཉིན་ཞོའི་སྟོན་མོ་བཞེས་ཀྱི་ཡོད། གཞན་དུ་འབྲས་སྤུངས་ཞོ་སྟོན་ཡང་ཟེར་སྲོལ་མཆིས་པ་དེ་ཡང་སྲོལ་རྒྱུན་དུ་ཞོ་སྟོན་གྱི་ཉིན་དང་པོར་འབྲས་སྤུངས་དགོན་དུ་གོས་སྐུ་འགྲེམས་པ་དང་ལྷ་མོའི་གཞས་ཕུད་ཕུལ་ཏེ་ཞོ་སྟོན་དངོས་སུ་འགོ་ཚུགས་ཀྱི་ཡོད་པས་འབྲས་སྤུངས་ཞོ་སྟོན་ཟེར་སྲོལ་ཡང་ཆགས།
         རྒྱལ་ཁབ་ཕྱི་ནང་གི་ཡུལ་སྲོལ་ལ་ཞིབ་འཇུག་བྱེད་མཁན་མཁས་པ་མང་པོས་མ་གཞི་དམངས་སྲོལ་གྱི་དུས་ཆེན་མང་པོ་ཞིག་ལ་ཟས་རིགས་ཁ་ཤས་དམིགས་བཀར་དུ་སྤྱོད་སྲོལ་ཡོད། འོན་ཀྱང་ལྷ་སའི་ཞོ་སྟོན་ལྟར་ཆེད་མངགས་ཞོའི་སྟོན་མོ་ལོངས་སྤྱོད་བྱེད་པའི་ནང་དོན་ཐད་ཀར་དུས་སྟོན་གྱི་མིང་དུ་བཏགས་པ་ནི་ཧ་ཅང་མཐོང་དཀོན་པོ་ཞིག་ཡིན་ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་ཤོད་ཀྱི་ཡོད། ལྷག་དོན་དུ་1994ལོར་སྲིད་གཞུང་གིས་གཉེར་འགན་འཁུར་བ་ནས་བཟུང་ཞོ་སྟོན་གྱི་རྣམ་པ་དང་ནང་དོན་གང་ཅིའི་ཐད་འཕོ་འགྱུར་ཆེན་པོ་བྱུང་ནས་མི་རིགས་ཀྱི་ཁྱད་ཆོས་ཀྱིས་རབ་ཏུ་ཕྱུག་པའི་དམིགས་བསལ་དུས་སྟོན་ཞིག་ཏུ་གྱུར་སྟབས་2015ལོ་ནས་བཟུང་ལྷ་སའི་ཞོ་སྟོན་ལ་ཀྲུང་གོའི་དུས་སྟོན་ཆེ་གྲས་བཅུ་དང་། ཀྲུང་གོའི་དུས་སྟོན་རྩེ་གྲ་50 ཀྲུང་གོའི་དམངས་སྲོལ་རིག་གནས་ཀྱི་དུས་ཆེན་ཆེན་པོ་བཅུ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་ལ་ཡང་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར་གྱི་མཚན་སྙན་ཐོབ་ཡོད་པ་རེད། ད་དུང་ཀྲུང་གོའི་དུས་སྟོན་གྱི་ཐོན་ལས་བྱ་དགའ་ཆེ་ཤོས་ཏེ། ཀྲུང་གོའི་དུས་སྟོན་གྱི་ཕུལ་བྱུང་དཔེ་སྟོན་བྱ་དགའ་ཡང་ཐོབ་ཡོད་པ་རེད།
         དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་ཆེན་པོ་བྱུང་བའི་སྐུལ་འདེད་འོག་ཞོ་སྟོན་དེ་ཡང་དེ་སྔ་ཆོས་ལུགས་ཀྱི་བྱེད་སྒོ་གཙོ་བོར་བྱེད་པ་ནས་ད་ཆ་ཡུལ་སྐོར་དང་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་དུས་སྟོན་གྱི་རྣམ་པ་ལོ་རེ་བཞིན་ཇེ་རྒྱས་ཇེ་འཁྲུག་ཏུ་འགྲོ་བཞིན་ཡོད་པ་དཔེར་ན། འདི་ལོའི་ཞོ་སྟོན་གྱི་སྐབས་སུ་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་དང་། ཕུལ་བྱུང་ལྷ་མོའི་ལེ་ཚན་འཁྲབ་སྟོན། གོས་སྐུ་འགྲེམས་པ། ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐབས་ལྔ་པ། བོད་རིགས་ཀྱི་ཕུལ་བྱུང་རོལ་དབྱངས་འགྲོ་གླེང་། ལྗང་མདོག་ཁྱིམ་གཞིས་ཞེས་པའི་ཚོང་ལས་གླུ་དབྱངས་འདུ་ཚོགས། གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་ཚོགས་ཆེན། ལུས་རྩལ་རྒྱན་ཤོག་བུམ་པའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་ཚོགས་བཅས་ཡོད་ཅིང་། ད་ཆའི་ཞོ་སྟོན་ནི་སྔར་སྲོལ་ཉམས་མེད་ཐོག་སྒྱུ་རྩལ་འཁྲབ་སྟོན་དང་། ལུས་རྩལ་རྣམ་གྲངས་དང་ཡུལ་སྐོར་བྱེད་སྒོ། ཚོང་དོན་གྲོས་མོལ་དང་འགྲེམས་ཚོང་སོགས་སྤྱི་ཚོགས་རིམ་གྲས་ཁག་གི་མི་སྣ་ཚང་མ་ཞུགས་ཆོག་པའི་རྣམ་གྲངས་གཉེར་གྱི་ཡོད་པས། དངོས་འབྲེལ་མང་ཚོགས་རང་བཞིན་གྱི་དུས་སྟོན་ཆེན་པོ་ཞིག་རེད། ལྷག་དོན་དུ་སྤྱི་ཟླ་བརྒྱད་པ་ནི་ནམ་དུས་ཚ་གྲང་སྙོམས་ལ་ལོ་ཏོག་སྣ་ཚོགས་སྐྱེས་འཚར་ལེགས་ཤོས་ཀྱི་དུས་ཡིན་ལ། རྩྭ་རྩི་ཤིང་རྒྱས་པ་དང་མེ་ཏོག་དག་རྣམ་པར་བཞད་པས་མི་རྣམས་ཕྱི་རོལ་དུ་ཡུལ་སྐོར་ལ་འགྲོ་བ་དང་གླིང་གཏོང་སྤྲོ་སྐྱིད་ལ་རོལ་རྒྱུ་ནི། ཞོ་སྟོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དུས་དེ་ནི་སྐྱེ་བོ་རྣམས་ཀྱིས་རང་བྱུང་ཁམས་ཆེན་པོ་ལོངས་སུ་སྤྱོད་པའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན། ཞོ་སྟོན་གྱི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་མང་པོ་ལྷ་སར་ངང་པ་པད་མཚོར་འཇུག་པ་ལྟར་ཡོང་བས་ཡུལ་སྐོར་ལས་རིགས་གཙོ་བོར་གྱུར་བའི་ལྷ་སའི་བྱ་གཞག་ཁག་ལ་སྐུལ་འདེད་ཆེན་པོ་ཐེབས་པ་དང་སྦྲགས། རང་ལྗོངས་དང་ལྷ་སའི་གཟུགས་བརྙན་དེ་འཛམ་གླིང་སྐྱེ་བོའི་འདྲེན་བྱེད་ཡུལ་དུ་ཇེ་མཐོ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་ནི་ཞོ་སྟོན་གྱི་དོན་སྙིང་ཆེ་ཤོས་དེ་ཡིན།
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།