འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དབུལ་ཕོངས་ཁྱིམ་དུད་ཀྱི་སློབ་མར་སློབ་སྐྱོར་རོགས་དངུལ་མང་ཤོས་
    སྒོར་5000འཐོབ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ཚོ་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་2015ལོའི་ཟླ་བ་7པ་ནས་ཟླ་བ་9པའི་བར་བོད་ལྗོངས་ཡོངས་སུ་"སྟོན་དུས་ཀྱི་སློབ་སྐྱོར"ཞེས་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ཚོས་སློབ་སྐྱོར་རོགས་དངུལ་གྱི་རེ་འདུན་ཞུ་ཡིག་ཕུལ་ཚེ་མང་ཤོས་སུ་སྒོར་5000གི་སློབ་སྐྱོར་རོགས་དངུལ་འཐོབ་ཐུབ་ཀྱི་རེད།
         བོད་ལྗོངས་ཀྱི་ལོ་ལྟར་སྤེལ་བའི“སྟོན་དུས་ཀྱི་སློབ་སྐྱོར”ཞེས་པའི་བྱེད་སྒོ་འདི་ནི་གཙོ་བོར་བོད་ལྗོངས་ཕྱི་ནང་གི་སློབ་ཆེན་དུ་མཐོ་རྒྱུགས་ལོན་པའི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ཚོར་དམིགས་པ་ཡིན་ཞིང་། ཟླ་བ་7པ་ནས་ཟླ་བ་9པའི་བར་བོད་ལྗོངས་ཡོངས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ཚོས་རང་ཉིད་གནས་སའི་བཟོ་ཚོགས་རྩ་འཛུགས་ལ་སློབ་སྐྱོར་རོགས་དངུལ་གྱི་རེ་འདུན་ཞུ་ཡིག་ཕུལ་ཆོག རེ་འདུན་ཞུ་ཡིག་ལ་ཆོག་མཆན་ཐོབ་རྗེས། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐེངས་གཅིག་རང་བཞིན་གྱིས་བོད་ལྗོངས་ཕྱིའི་གནད་ཆེའི་མཐོ་སློབ་ཏུ་རྒྱུགས་འཕྲོད་པའི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ལ་སྒོར་5000དང་། ཐེངས་གཅིག་རང་བཞིན་གྱིས་བོད་ལྗོངས་ཕྱིའི་གནད་ཆེ་མ་ཡིན་པའི་མཐོ་སློབ་ཏུ་རྒྱུགས་འཕྲོད་པའི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ལ་སྒོར་4000  བོད་ལྗོངས་ནང་ཁོངས་ཀྱི་མཐོ་སློབ་ཏུ་རྒྱུགས་འཕྲོད་པའི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ལ་ཁྱིམ་ཚང་གི་གནས་ཚུལ་ལ་གཞིགས་ཏེ་ཐེངས་གཅིག་རང་བཞིན་གྱིས་སྒོར་1000ནས་2000བར་གྱི་ཚད་མི་འདྲ་བའི་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་རེད།
         བོད་ལྗོངས་ཡོངས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ལ་གཤམ་གསལ་གྱི་ཆ་རྐྱེན་གསུམ་འཛོམས་ན། སོ་སོ་གནས་སའི་བཟོ་ཚོགས་རྩ་འཛུགས་ལ“སྟོན་དུས་ཀྱི་སློབ་སྐྱོར”ཞེས་པའི་རོགས་དངུལ་རེ་འདུན་ཞུ་ཡིག་ཕུལ་ཆོག
         ༡.ཕ་མ་དང་བུ་ཕྲུག་གི་ཐེམ་ཐོ་ཚང་མ་བོད་ལྗོངས་སུ་ཡོད་པ།
         ༢.ཁྱིམ་ཚང་དེ་ཉིད་བོད་ལྗོངས་ཡོངས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་པའི་ཡིག་ཚགས་ཁྲོད་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ལས་བཟོ་པ་་དང་མ་མཐའི་འཚོ་རྟེན་འགན་སྲུང་དང་ཉེ་བའི་ལས་བཟོ་བ་ཡིན་པ།
         ༣.2015ལོར་བོད་ལྗོངས་ཕྱི་ནང་གི་སློབ་ཆེན་དུ་རྒྱུགས་འཕྲོད་པའི་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་ཞིང་པ་ལས་མིའི་བུ་ཕྲུག་ཡིན་པ།
         དེའི་ཁྲོད་དུ་མ་མཐའི་འཚོ་རྟེན་འགན་སྲུང་གི་ལས་བཟོ་པའི་བུ་ཕྲུག་གིས་སློབ་སྐྱོར་རོགས་དངུལ་གྱི་རེ་འདུན་ཞུ་ཡིག་འབུལ་བར་སློབ་གྲྭའི་བསྡུ་ལེན་བརྡ་ཐོའི་བསྐྱར་དཔར་ཡིག་ཆ་དང་། ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆ། རྒྱུགས་སྤྲོད་ཁྲོལ་ཡིག་གི་བསྐྱར་དཔར་ཡིག་ཆ། ཐེམ་ཐོའི་བསྐྱར་དཔར་ཡིག་ཆ། མ་མཐའི་འཚོ་རྟེན་འགན་སྲུང་གི་དཔང་ཡིག་བསྐྱར་དཔར་ཡིག་ཆ་བཅས་དགོས་པ་དང་། མ་མཐའི་འཚོ་རྟེན་འགན་སྲུང་དང་ཉེ་བའི་ལས་བཟོ་བའི་བུ་ཕྲུག་ལ་གོང་དུ་བཀོད་པའི་ཡིག་ཆ་དེ་དག་དགོས་པ་མ་ཟད། ད་དུང་ཁྱིམ་བདག་གནས་སའི་ལས་ཁུངས་ཀྱི་དཔང་ཡིག་དང་གཞི་རིམ་བཟོ་ཚོགས་ཀྱི་དཔང་ཡིག་དགོས་པ་རེད། 2014ལོར་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སློབ་ཆེན་དུ་རྒྱུགས་འཕྲོད་པའི་དཀའ་ངལ་ཡོད་པའི་ལས་བཟོ་པའི་བུ་ཕྲུག་69ལ་སློབ་སྐྱོར་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི་23.4སྤྲད་པ་རེད།
      
    2015-08-13

    ཕྱོགས་བསྡུས་གསར་འགྱུར།