འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་ཨེའར་
    ཏོ་སི་རུ་གཟབ་རྒྱས་ངང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་11ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་ཨེའར་
ཏོ་སི་རུ་གཟབ་རྒྱས་ངང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དེ་ཚེས་9ཉིན་ནང་སོག་རང་སྐྱོང་ལྗོངས་ཨེའར་ཏོ་སི་རུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཀྲེང་ཝུའེ་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
         མི་རིགས་56ཨེར་ཏོ་སི་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འཛོམས་ནས་འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། ཞི་མཐུན་བཅས་ཀྱི་དུས་རབས་ཀྱི་དགའ་སྤྲོའི་གླུ་དབྱངས་མཉམ་དུ་བླངས། རྒྱལ་དར་དང་། ཚོགས་དར། ཚོགས་རྟགས་སོགས་རུ་སྟར་གྲུ་བཞིའི་སྣེ་འདྲེན་འོག་མི་རིགས་56གི་དཔལ་འབར་བའི་རུ་སྟར་གྲུ་བཞིས་དེ་མུར་ཡོང་བ་དང་དེ་ནས་ཀོང་ཤིས་དང་། ཉིང་ཞ། བོད་ལྗོངས། ཤིན་ཅང་། ནང་སོག་སོགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་དེ་བཞིན་ཐའེ་དབན་གྱི་གྲངས་ཉུང་མི་རིགས་འཐུས་མི་ཚུད་པའི་འཐུས་མི་ཚོགས་པ་34ཡིས་ཚོན་མདོག་རྣམ་པར་བཀྲ་བ་དང་མཛེས་ཤིང་ལྟ་ན་སྡུག་པའི་མི་རིགས་ཀྱི་གྱོན་ཆས་སྤྲས་ནས་ལུས་རྩལ་ཐང་དུ་ཡོང་སྟེ་ལྟད་མོ་བ་ཚོའི་ཡིད་དབང་རྦད་དེ་བཀུག་ཡོད་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞི་བཅས་ཡིན་པའི་ལིའུ་ཡན་ཏུང་གིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་འགོ་ཚུགས་པ”ཞེས་ཁྱབ་བསྒྲགས་གནང་སྐབས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཨེའར་ཏོ་སི་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་ཡོངས་སུ་ཁྱབ་ཡོད་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཝང་ཀྲེང་ཝུའེ་ཡིས་འགོ་ཚུགས་ཤིས་ཚིག་གནང་བ་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཐེའར་གྱིས་དགའ་བསུའི་ཤེས་ཚིག་གནང་བ་རེད། འགོ་ཚུགས་མཛད་སྒོ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ལིའུ་ཕེང་གིས་གཙོ་སྐྱོང་གནང་བ་རེད།
         དེ་རྗེས་མི་རིགས་ཁག་གི་ཁྱད་ཆོས་དང་རྩྭ་ཐང་མི་རིགས་ཀྱི་རིག་གནས་གཅིག་ཏུ་བསྡུས་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། འཁྲབ་སྟོན་དེ་ལེའུ་གསུམ་ལ་ཕྱེ་ཡོད་པ་དང“བཀྲ་ཤིས་པའི་རྩྭ་ཐང་དང་། ཁྱིམ་གཞིས་བརྟན་སྲུང། ཀྲུང་ཧྭའི་ཕུགས་འདུན་མངོན་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་ལོ་རྒྱུས་དང་། མཚར་སྡུག་ཆེ་བའི་རིག་གནས། འོད་སྟོང་འབར་བའི་གྲུབ་འབྲས་བཅས་དང་དེ་བཞིན་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་ཀྱི་མཛེས་སྡུག་ལྡན་པའི་འདུན་པའང་མངོན་གྱི་ཡོད་པ་རེད།
         འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ལིའུ་ཡན་ཏུང་དང་ཝང་ཀྲེང་ཝེ་ཡིས་ཀྲུང་གོ་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་གྱི་རིག་གནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་མ་ཟད། ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་འཐུས་མི་ཚོགས་པ་ཁག་གི་ཚོགས་གཙོ་དང་མི་རིགས་ཁག་གི་ལུས་རྩལ་པའི་འཐུས་མི་སོགས་ལ་མཇལ་འཕྲད་གནང་ཞིང་། ལིའུ་ཡན་ཏུང་གིས་མི་རིགས་ཁག་གི་ལུས་རྩལ་པར་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་སྟོབས་བརྩོན་གྱིས་ལུས་རྩལ་འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱེད་པ། ཕན་ཚུན་དབར་གྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་བྱེད་པ། ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པ། གཅིག་སེམས་གཅིག་ལ་གཏད་ནས་འབྲེལ་གཏུག་བྱེད་པ་བཅས་ཀྱིས་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་བྱེད་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གཉེར་དགོས་པའི་སྐུལ་ལྕག་གནང་བ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ཝང་ཀྲེང་ཝུའེ་ཡིས་གཙོ་གཉེར་ཚན་པའི་ཚབ་ཞུས་ཏེ་སྒྲུབ་འགན་འཁུར་མཁན་ཚན་པའི་འཐུས་མི་སྟེ། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ལ་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པ་མཚོན་པའི་འགེལ་རུམ་ཞིག་གནང་བ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཕེང་ཅན་ཀྲུང་གིས་གཉེར་ཡུལ་གྱི་འཐུས་མི་སྟེ། ཨེའར་ཏོ་སི་གྲོང་ཨུད་ཀྱི་ཧྲུའུ་ཅི་པའེ་ཡུས་ཀང་ལ་མི་རིགས་དར་རྒྱས་གོང་འཕེལ་མཚོན་པའི་འགེལ་རུམ་གནང་བ་རེད།
         ལུས་རྩལ་འགྲན་ཚོགས་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ། དེ་བཞིན་ཐའེ་དབན་གྱི་འཐུས་མི་ཚོགས་པ་བཅས་ཁྱོན་འཐུས་མི་ཚོགས་པ་34ཡི་ལུས་རྩལ་པ་6420ཡིས་འགྲན་བསྡུར་རྣམ་གྲངས་17དང་འཁྲབ་སྟོན་རྣམ་གྲངས་178ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།