འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནད་སྐྱོང་བའི་གུས་ལུགས་སྐོར་རགས་ཙམ་གླེང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ནད་སྐྱོང་བའི་གུས་ལུགས་ཞེས་པ་ནི་ནད་སྐྱོང་བས་ནད་གཡོག་རྒྱུགས་སྐབས་བརྩི་སྲུང་བྱེད་འོས་པའི་སྤྱོད་ལམ་གྱི་རྣམ་གཞག་ལ་ཟེར། རྒྱུན་གཏན་ལས་ཀར་སྤྲོ་སྣང་ངང་ཞབས་ཞུ་སྒྲུབ་པ་དང་གུས་ཞབས་ལྡན་པའི་སྒོ་ནས་སྣེ་ལེན་བྱེད་པ་ནི་ནད་སྐྱོང་བར་ཚང་དགོས་པའི་གཞི་རྩའི་བྱང་ཚད་རེད། ནད་སྐྱོང་བའི་གུས་ལུགས་ནི་རང་ཉིད་ཀྱི་སྣང་བརྙན་དང་། བྱད་བཞིན། གྱོན་གོས། སྐད་ཆ། སྤྱོད་ལམ། གུས་ཉམས་སོགས་ནས་མངོན་པ་མ་ཟད། ལས་ཀ་དང་ཞབས་ཞུར་འོ་ཆུ་བཞིན་དུ་འདྲེས་ཡོད་པས། ནད་གཡོག་ལས་ཀའི་སྤུས་ཚད་ལེགས་བཅོས་ལ་གནས་འབབ་གལ་ཆེན་བཟུང་ཡོད། ནད་གཡོག་ལས་ཀ་ནི་ཚན་རིག་ཅིག་ཡིན་ལ་སྒྱུ་རྩལ་ཞིག་ཀྱང་རེད། ནད་སྐྱོང་བ་ནི་སྨན་ཁང་གི་ཉིན་རེའི་བྱ་བའི་ཁྲོད་ནད་པ་དང་འབྲེལ་འདྲིས་མང་ཤོས་དང་ཟབ་ཤོས། དེ་བཞིན་དུས་ཡུན་རིང་ཤོས་ཀྱི་ཚོགས་སྤྱི་ཞིག་རེད། ནད་སྐྱོང་བའི་ཞབས་ཞུ་དེ་ནད་པ་སྨན་ཁང་དུ་ཡོང་བ་དང་། སྡོད་པ། ཕྱིར་ལོག་པ་བཅས་ཀྱི་རྒྱུད་རིམ་ཡོངས་སུ་ཁྱབ་ཡོད། ནད་པ་སྨན་ཁང་དུ་ཡོང་ཚེ་ཐོག་མར་དོ་སྣང་ཆེ་ཤོས་ཡོང་ས་ནི་ནད་སྐྱོང་བའི་རྣམ་འགྱུར་ཡིན་པས། ནད་སྐྱོང་བའི་གྱོན་ཆས་གོན་སྟངས་དང་སྤྱོད་ལམ་ནི་ནད་སྐྱོང་ལས་ཀའི་ཆེས་རྩ་བའི་གུས་ལུགས་ཡིན་ལ། དེའི་ཐོག་ནས་ནད་སྐྱོང་བར་འཛོམས་པའི་བསམ་པའི་ཉམས་འགྱུར་མཚོན་པ་མ་ཟད། དེའི་གཟི་བརྗིད་དང་སྤོབས་པ་ཡང་མཚོན་གྱི་ཡོད། དེའི་ཕྱིར། ནད་སྐྱོང་བས་རང་གི་སྣང་བརྙན་དང་སྤྱོད་ལམ་ལ་དོ་སྣང་བྱེད་དགོས། དེ་ནི་ནད་སྐྱོང་བ་དང་ནད་པའི་འབྲེལ་བ་ཡག་པོ་སྐྱོང་བའི་རྨང་གཞིའང་རེད། སྤྱི་ཚོགས་ཡར་རྒྱས་དང་དཔལ་ཡོན་ཆུ་ཚད་གོང་འཕེལ་ཕྱིན་པ་དང་བསྟུན་ནས་ནད་སྐྱོང་བས་ནད་པ་དང་འབྲེལ་འདྲིས་བྱེད་སྟངས་ཀྱི་ཐབས་རྩལ་བྱང་ཆུབ་པར་བརྟེན་ནས་ནད་པའི་དགོས་མཁོ་སྐོང་བ་དང་། བློ་ཐག་ཉེ་རུ་གཏོང་བ། ནད་པའི་ལུས་སེམས་གཉིས་ཀར་བདེ་བ་སྐྲུན་པ་སོགས་བྱས་ནས་ནད་སྐྱོང་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཡུལ་གྲུབ་པར་བྱེད་དགོས། ༼བོད་ལྗོངས་སྨན་རྩིས་ཁང་ཁོག་ནད་དང་པོའི་པ་ཆུང་། ༽
      

    ཕྱོགས་བསྡུས་གསར་འགྱུར།