འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་ནས་ཁེ་ལས་ཀྱི་ཁེ་སྤོགས་ཆག་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ།
         ཟླ་5ཚེས་25ཉིན་ནོར་སྲིད་པུས་འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་གྱི་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། གྲངས་གཞི་གསར་ཤོས་ཐོག་ནས་མངོན་པར། གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་ཆག་ཚད་མངོན་གསལ་དོད་པོས་ཞི་ལྷོད་དུ་ཕྱིན་ཡོད། ཟླ་དང་པོ་ནས་བཞི་པ་བར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་ཆག་ཚད་-5.7%ཟིན་པ་དེ་འདི་ལོའི་ཟླ་དང་པོ་ནས་གཉིས་པ་བར་གྱི་-21.5%ཡི་ཆག་ཚད་དང་བསྡུར་ཚེ་བརྒྱ་ཆའི་གྲངས་15.8དམའ་རུ་ཕྱིན་པ་དང་། དུས་ཚིགས་དང་པོ་དང་བསྡུར་ཚེ་བརྒྱ་ཆའི་གྲངས་2.3དམའ་རུ་ཕྱིན་ཡོད་པ་རེད།
         དེ་ཐོག་ནས་འདི་ལོ་ཚུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱད་པའི་བརྟན་པོའི་ངང་འཕར་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ་མཚོན་ཡོད།
         ནོར་སྲིད་པུའུ་རྒྱུ་ནོར་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས་གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ་དེ་ད་དུང་འགྲིམ་འགྲུལ་དང་གློག་རྡུལ་སོགས་ལས་རིགས་ཀྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་བ་དང་གྱོང་གུན་ཕོག་པའི་ལས་རིགས་ཉུང་དུ་ཕྱིན་པའི་ཐོག་ནས་མཚོན་གྱི་ཡོད། ཟླ་དང་པོ་ནས་བཞི་པ་བར་འགྲིམ་འགྲུལ་དང་། གློག་རྡུལ། ཡང་བའི་བཟོ་ལས། གློག་ཤུགས་སོགས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ཚད་གཞི་ཆེན་པོས་འཕར་བ་དང་། རྡོ་སྣུམ་རྫས་འགྱུར་དང་། རྡོ་སྣུམ། ཨར་ལས་རྒྱུ་ཆ། འཕྲུལ་ཆས་སོགས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ཚད་གཞི་ཆེ་ཙམ་ཆག་པ་དང་། རྡོ་སོལ་དང་། ངར་ལྕགས། མདོག་ལྡན་ལྕགས་རིགས་སོགས་ཀྱི་ལས་རིགས་ལ་གྱོང་གུན་ཕོག་ཡོད། ཀྲུང་གོ་རྡོ་སྣུམ་སོགས་རྡོ་སྣུམ་ཀུང་སི་ཆེ་གྲས་གསུམ་ཕུད་ཚེ་ཟླ་དང་པོ་ནས་བཞི་པ་བར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་6602.8ཟིན་པ་དེ་དུས་མཚུངས་ལས་7.3%འཕར་བ་དང་། རྡོ་སོལ་དང་། ངར་ལྕགས། མདོག་ལྡན་ལྕགས་རིགས་ལས་རིགས་བཅས་ཐོན་སྐྱེད་བྱེད་ཐལ་ཤོར་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་གྱོང་གུན་ཕོག་པ་བསྐྱར་དུ་ཕུད་རྗེས་ཟླ་དང་པོ་ནས་བཞི་པ་བར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་6699.3ཟིན་པ་དེ་དུས་མཚུངས་ལས་11.6%འཕར་བ་དང་། འཕར་ཚད་ཟླ་དང་པོ་ནས་གཉིས་པ་བར་གྱི་3.6%དང་བསྡུར་ཚེ་བརྒྱ་ཆའི་གྲངས་8འཕར་བ་དང་ཟླ་དང་པོ་ནས་གསུམ་པ་བར་དང་བསྡུར་ཚེ་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད་ཅེས་བརྗོད་པ་རེད།
         དེ་མིན་ཤར་རྒྱུད་ས་ཁུལ་གྱི་ས་གནས་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་མུ་མཐུད་འཕར་བའི་རྣམ་པ་མངོན་པ་དང་ནུབ་རྒྱུད་ས་ཁུལ་གྱི་ཁེ་སྤོགས་དུས་མཚུངས་ལས་ཆག་ཚད་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།
         དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོད་པའི་རྣམ་པ་མངོན་པ་དང་དགེ་མཚན་ལྡན་པའི་འཕྲིན་བརྡ་ཇེ་མང་དུ་སོང་བ།
         ནོར་སྲིད་པུའུ་ནོར་སྲིད་ཚན་རྩལ་སུའོ་ཡི་སུའོ་ཀྲང་ལིའུ་ཧྲང་ཤིས་ཀྱིས“སྤྱི་ཡོངས་ནས་བལྟས་ཚེ་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གཞི་རྩའི་ཆ་ནས་བརྟན་པོ་ཡོད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཁར་དེ་ནས་ཐོན་པའི་དགེ་མཚན་ལྡན་པའི་འཕྲིན་བརྡ་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་བརྗོད་པ་རེད།
         ལིའུ་ཧྲང་ཤིས་ཀྱིས་མིག་སྔའི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་འོག་ལས་རིགས་མི་འདྲ་བའི་གཉེར་སྐྱོང་དང་འཕར་ཚད་མཐའ་གཉིས་སུ་གྱེས་པ་ནི་རྒྱུན་གཏན་ཞིག་རེད། ལས་རིགས་ཁག་གཅིག་གི་ཁེ་སྤོགས་གྲངས་གནས་གཉིས་འཕར་བའི་རྣམ་པ་མངོན་པ་དང་ལས་རིགས་འགའ་ཞིག་གི་ཁེ་སྤོགས་ཆག་པ་མ་ཟད། ཐ་ན་གྱོང་གུན་ཕོག་པའི་རྣམ་པ་མངོན་གྱི་ཡོད་རུང་སྤྱི་ཡོངས་ཀྱི་གནས་ཚུལ་ལེགས་པའི་ལས་རིགས་མང་དུ་འགྲོ་བཞིན་ཡོད་པ་དང་གྱོང་གུན་ཕོག་པའི་ལས་རིགས་ཉུང་དུ་འགྲོ་བཞིན་ཡོད།
         དེ་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་གི་ཕན་འབྲས་མངོན་བཞིན་ཡོད་པ་དང་གྲུབ་ཆ་ལེགས་སྒྲིག་ཐད་མཐའ་གཉིས་སུ་གྱེས་ངེས་ཡིན་ཁར་ལས་རིགས་ཁག་གཅིག་གི་སྒྱུར་བཅོས་གཏིང་ཟབ་དང་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་འགྲོ་བཞིན་ཡོད་པ་མཚོན་ཡོད་ཅེས་དབྱེ་ཞིབ་གནང་ནས་གསུངས་པ་རེད།
         གཞུང་ཁོངས་ཁེ་ལས་ཀྱི་འཁོར་སྐྱོད་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། དམངས་ཁྲོད་ཀྱི་མ་འཇོག་ལས་གཏོད་ཀྱི་སྤྲོ་སེམས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། སྲིད་གཞུང་གིས་ལས་ཁུངས་ཁུ་བསྡུ་དང་། དབང་ཆ་གཤམ་སྤྲོད། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པས་ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བ་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་ཕྱིན་པ་དང་། “དམངས་ཚོགས་ལས་གཏོད་དང་དམངས་ཁྲི་ལས་གཏོད”ཀྱི་སྤྱི་ཚོགས་ཀྱི་རྣམ་པ་རིམ་བཞིན་ཟབ་ཏུ་ཕྱིན་ཡོད། དེའང་འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཉིན་རེར་དུད་ཚང་ཁྲི་གཅིག་ཟིན་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་445གསར་དུ་ལས་ཞུགས་ཐུབ་པ་དེ་ཐོག་ནས་དཔལ་འབྱོར་འཕར་ཚད་ཕྲན་ཙམ་ཆག་རུང་དཔལ་འབྱོར་འཕར་བའི་ནང་ངོས་གསོན་ཤུགས་སྔར་བཞིན་ཆེན་པོ་ཡོད་པ་མཚོན་ཡོད།
         ཁྲོམ་རའི་གསར་གཏོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ།
         ལིའུ་ཧྲང་ཤིས་ཀྱིས“མིག་སྔར་ང་ཚོའི་བརྟན་པོའི་ངང་འཕར་བར་འཕྲད་པའི་དཀའ་ངལ་ད་དུང་ཧ་ཅང་མང་པོ་ཡོད་པས་སྲིད་གཞུང་གིས་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་། འཕར་ཚད་ཆག་པའི་གནོན་ཤུགས་ཐེགས་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་དཔལ་འབྱོར་གྲུབ་ཆར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི”ངོས་འཛིན་གནང་བ་རེད།
         དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བར་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་སྐྱེད་བྱེད་ཐལ་ཤོར་བའི་ལས་རིགས་ཁག་གཅིག་གང་མགྱོགས་ལེགས་སྒྲིག་བྱེད་དུ་འཇུག་པ་དང་ཐོན་སྐྱེད་ནུས་པ་རྗེས་ལུས་ཀྱི་ཁེ་ལས་ཁག་གཅིག་མེད་པ་བཟོས་ནས་ཁེ་ལས་ཕྱོགས་འགྱུར་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསར་གཏོད་ལ་སྐུལ་འདེད་བཏང་བ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ་དང་ཀྲུང་གོའི་དཔལ་འབྱོར་འཕར་བའི་དཀའ་གནད་ལས་སྒྲོལ་རོགས་བྱས་ཏེ་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་གསོན་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་མཚམས་གསར་པའི་ཕྱོགས་སུ་སྐྱོད་དགོས། (འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ལི་ཧུའེ་ཡིས།)
      

    ཕྱོགས་བསྡུས་གསར་འགྱུར།