འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཙེར་རྒྱལ་ཁབ་ཀྱི་མཁས་པ་ཚོ་དང་
    བཞུགས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཙེར་རྒྱལ་ཁབ་ཀྱི་རྒྱལ་ས་པེར་ནེ་གྲོང་ཁྱེར་དུ་འབྲེལ་ཡོད་མཁས་པ་ཚོ་དང་བཞུགས་མོལ་གནང་བ་མ་ཟད། ཁོང་ཚོས་བཏོན་པའི་འབྲེལ་ཡོད་དྲིས་དོན་ལ་ལན་ཡང་བཏབ་པ་རེད།
         སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་ལས་རོགས་ཧའོ་ཧྲི་ཡོན་གྱིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་སྐུལ་སྤེལ་གཏོང་བ་དང་ཀྲུང་གོའི་བོད་ལྗོངས་ས་ཁུལ་ཡོངས་སུ་ཁྱབ་པའི་རྒྱལ་མཚམས་ལས་བརྒལ་བའི་དཔལ་འབྱོར་མཐུད་འབྲེལ་ས་རྒྱུད་ནར་རིང་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་ཀྲུང་གོས་བོད་ལྗོངས་ས་ཁུལ་དང་ནེ་པ་ལ་སོགས་པའི་རྒྱལ་ཁབ་དང་མཐའ་ཁུལ་གྱི་ཉོ་ཚོང་དང་ཡུལ་སྐོར་རིག་གནས་མཉམ་ལས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་དུས་མཚུངས་སུ་འབྲེལ་ཡོད་ས་ཁུལ་གྱི་ལོ་རྒྱུས་དང་། སྐད་ཆ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་ལ་སོགས་པའི་རིག་གནས་དང་རིག་གཞུང་ཞིབ་འཇུག་བྱེད་རྒྱུའི་དགོས་འདུན་སྔར་ལས་མང་བ་འདོན་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་མཁས་པ་ཚོས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་དུ་བོད་རིག་པ་ཞིབ་འཇུག་དེ་ཉིད་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         སུའེ་ཙེར་རྒྱལ་ཁབ་པེར་ནེ་སློབ་ཆེན་གྱི་སྐད་བརྡ་ཞིབ་འཇུག་ཁང་གི་འགོ་འཛིན་ཆའོ་ཀྲི•ཧྥན་ཏེ་ལི་མུའུ་ཡིས་བོད་ཀྱི་སྐད་བརྡ་ལ་ས་ཁོངས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་པ་དང་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡིན་པས། དེ་དག་ཚང་མ་རིན་ཐང་བྲལ་བའི་རིག་གཞུང་ཐོན་ཁུངས་ཡིན་ཞིང་། ཁོང་དང་ཁོང་གི་སློབ་མ་ཚོའི་ཞིབ་འཇུག་བྱེད་སེམས་འགུག་བཞིན་ཡོད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཚེས་18ཉིན་ཧན་པའོ་རུ་འབྱོར་ནས་འཇར་མན་དང་། ཨོ་སི་ཁྲུ་རི་ཡ། སུའེ་ཙེར་བཅས་ལ་བཅར་འདྲི་བྱེད་འགོ་ཚུགས་ཡོད། སྤེལ་རེས་ཚོགས་པས་ཧན་པའོ་དང་། མུའུ་ནེ་ཧེ། ཝི་ཨེན་ན་བཅས་སོ་སོར་བཞུགས་མོལ་དང་ཆེད་དོན་སྙན་ཞུའི་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ཡོད། སྤེལ་རེས་ཚོགས་པས་ད་དུང་ཡོ་རོབ་ཀྱི་འབྲེལ་ཡོད་མཁས་དབང་ཕྱི་ལོ་པེ་ཅིང་དུ་འཚོག་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་བསྡུར་ཚོགས་འདུར་ཞུགས་རྒྱུར་གདན་ཞུ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།