འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་མ་དངུལ་བཏོན་ནས་ཤར་པ་རི་འཛེག་རོགས་རམ་མི་སྣ་ནེ་པ་ལར་
    ལོག་རྒྱུར་བཀོད་སྒྲིག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་བསྐོངས་ནས་ཆེད་དོན་ཞིབ་འཇུག་བྱས་ཏེ་རང་ཕྱོགས་ཀྱིས་ནེ་པ་ལའི་ཤར་པ་རི་འཛེག་རོགས་རམ་མི་སྣ་180ལྷག་ཡོངས་གཅིག་སྡུད་ཐོག་ལྷ་ས་ནས་གནམ་གྲུར་དབོར་ནས་ཀ་ཏ་མན་རྡུར་ལོག་རྒྱུར་བཀོད་སྒྲིག་བྱ་རྒྱུའི་ཐད་འགན་འཁུར་རྒྱུའི་ཐག་བཅད་པ་རེད།
         ཚེས་2ཉིན་གྱི་མཚན་མོར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ནེ་པ་ལའི“4•25”ས་ཡོམ་ཆེན་པོའི་གནོད་འཚེ་བྱུང་ནས་རང་རྒྱལ་མཐའ་མཚམས་འགག་སྒོ་འགྲམ་གྲོང་རྡལ་ནས་ནེ་པ་ལར་སྐྱོད་པའི་ལམ་བུ་ཡོངས་ལ་གཏོར་སྐྱོན་བྱུང་བས་སྐྱོད་ཐབས་བྲལ་བ་དང་། དེའི་དབང་གིས་རང་རྒྱལ་མངའ་ཁོངས་སུ་2015ལོའི་དཔྱིད་དུས་ཇོ་རིའི་བྱང་ངོས་དང་། ཇོ་བོ་དབུ་ཡག ཤི་ཤ་སྦང་མ་བཅས་ཀྱི་རི་འཛེག་རོགས་རམ་ཞབས་ཞུའི་ནང་ཞུགས་མཁན་ནེ་པ་ལའི་ཤར་པ་བ་180ལྷག་འགྲམ་འགག་སྒོ་བརྒྱུད་ནས་སོ་སོའི་རྒྱལ་ཁབ་ཏུ་ལོག་ཐབས་མེད་པར་གྱུར་ཡོད་ཅེས་གསར་འགོད་པར་བཤད།
         ཐག་གཅོད་དེ་ནི་ཟླ་5ཚེས་2ཉིན་ཇོ་རིའི་སྒར་ས་ཆེ་མོར་ཁྱབ་བསྒྲགས་བྱས་པ་ཞིག་རེད། ཤར་པ་རི་འཛེག་རོགས་རམ་མི་སྣས་དེ་ཐོས་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་ཀྲུང་གོ་སྲིད་གཞུང་ལ་གཅིག་རྗེས་གཉིས་མཐུད་ངང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་སྲིད་གཞུང་གིས་ཁོང་ཚོར་རོགས་རམ་ཆེན་པོ་བྱས་པ་དེ་ཚེ་གང་རིང་བརྗེད་མི་སྲིད་ཅེས་བཤད།
         གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་པ་ལྟར་ན། མིག་སྔར་ཀྲུང་གོའི་ཇོ་རིའི་བྱང་ངོས་སུ་གནས་པའི་ཕྱི་རྒྱལ་རི་འཛེག་རུ་མི་ཚང་མ་སྒར་ས་ཆེ་མོ་ནས་ཕྱིར་འཐེན་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་ལོག་བཞིན་པའི་སྒང་ཡིན་པ་དང་། འཆར་གཞི་ལྟར་ན། ཟླ་5པའི་ཟླ་དཀྱིལ་གོང་ཚང་མ་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་ཐུབ་རྒྱུ་དང་ནེ་པ་ལའི་རི་མཐོའི་རོགས་རམ་མི་སྣ་རྣམས་ཀྱང་སྔ་ཙམ་ནས་གཅིག་གྱུར་ཐོག་ནེ་པ་ལར་ཕྱིར་ལོག་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།