འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ནན་བཤེར་བྱ་རྒྱུ་དེ་མཐར་ཕྱིན་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཉེ་དུས་རྩོམ་ཡིག་སྤེལ་ནས“རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་གཏིང་ཟབ་པའི་རྒྱ་མཚོ་ཇི་བཞིན་སྟེང་དུ་རྦ་རླབས་དྲག་པོ་འཕྱུར་ཡང་། འོག་ཏུ་འགུལ་ཙམ་མི་བྱེད་པ་ལྟར་བྱེད་མི་རུང”ཞེས་མཛུབ་སྟོན་བྱས་ཡོད། སྐད་ཆ་དུམ་བུ་དེས་རྣག་ཐོག་བཙག་འཁེལ་གྱི་ཐོག་ནས། བཀོད་པ་ལུང་དུ་མི་འགྲོ་བ་དང་གཞི་རིམ་ས་གནས་ཁག་གཅིག་གི་སྒྱིད་ལུག་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཞན་ཆ་ཐད་ཀར་བཏོན་ཡོད། རུལ་རྒོལ་གཙང་སྤེལ་གྱི་ལས་དོན་མཐར་ཕྱིན་པ་སྤེལ་བ་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་མེད་པ་བཟོ་རྒྱུ་དེ་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས་དོན་འཁྱོལ་ལ་དམ་འཛིན་དང་ཏང་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དུ་དངོས་འབྲེལ་དོན་འཁྱོལ་བྱེད་དགོས།
         ད་ཕན་ལོ་ཤས་རིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། “སྟག་སྦྲང”འབོར་ཆེན་ཞིག་ཁྲིམས་རྒྱར་ཚུད་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་ཆབ་སྲིད་ཀྱི་སྣོད་བཅུད་ལེགས་སུ་ཕྱིན་ཡོད། གཡོལ་ཐབས་བྲལ་བ་ཞིག་ནི་མིག་སྔར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་གོང་འོག་དམ་ལྷོད་དང་དལ་བྲེལ་མི་གཅིག་པའི་གནས་ཚུལ་ཡོད་པ་དང་ཆབས་ཅིག་ས་གནས་ཁག་གཅིག་ཏུ་དཔོན་གནས་ཀྱི་ཁོར་ཡུག་སྔར་བཞིན་ཞན་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་སྔར་བཞིན་ཁྲལ་སེལ་སླ་བཅོས་ཙམ་ལས་བྱ་སྤྱོད་དངོས་སྤེལ་མི་ཐུབ་པ་དང་དངོས་འཛིན་བཙན་འཐབ་བྱེད་མི་ཕོད་པར་ཕྱི་ཚུལ་དུ་ཚ་ཚ་འུར་འུར་བྱེད་པ་དང་དོན་དངོས་ཐོག་འགྱུར་ལྡོག་གང་ཡང་མེད་པར་ངོ་བོའི་རང་བཞིན་གྱི་ཚད་བརྒལ་དང་འཕེལ་རྒྱས་ཡོང་གི་མེད།
         གཞི་རིམ་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་འགྱུར་ལྡོག་གང་ཡང་མེད་པ་དེས་མང་ཚོགས་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་ཉུང་ཤས་ལས་མེད་པ་མཚོན་གྱི་མེད། དཔོན་ཆུང་གིས་ལྐོག་ཟ་ཆེན་པོ་བྱེད་མཁན་ཡང་ས་ཁུལ་རེ་ཟུང་ཁོ་ནར་ཡོད་པ་ཞིག་གཏན་ནས་མིན།
         མང་ཚོགས་ཀྱི་དོན་དག་ཡིན་ཕྱིན་བྱ་བ་ཆུང་ཙག་ཅིག་གཏན་ནས་མིན། གཞི་རིམ་དུ་ལྐོག་ཟ་དང་རུལ་སུངས་ཀྱི་གནད་དོན་ཚབས་ལྕི་པོ་ཡོད། གཞི་རིམ་ལས་བྱེད་པ་ཉིན་ལྟར་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། གཞི་རིམ་ལས་བྱེད་པས་ལྐོག་ཟ་དང་རུལ་སུངས་བྱས་ཕྱིན་དེའི་བྱེད་སྤྱོད་ཀྱིས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོར་གནོད་འཚེ་གཏོང་བ་མ་ཟད། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཐད་ཀར་གནོད་འཚེ་གཏོང་གི་ཡོད་པས་མི་དམངས་མང་ཚོགས་ཀྱི་སེམས་ལ་ཕོག་ཐུག་ཆེ་ཤོས་ཡོང་གི་ཡོད། ད་ཕན་ལོ་ཤས་རིང་། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་ལ་བལྟས་ཚེ་གཞི་རིམ་གྱི་ཚན་པ་དང་ཁྱབ་ཁོངས་ཁག་གཅིག་ཏུ་རུལ་སུངས་ཀྱི་གྱོད་གཞི་ཐོན་སླ་བ་དང་ཐོན་མང་བ་དང་། སྦ་སྐུང་གི་གྱོད་གཞི་དང་མུ་འབྲེལ་གྱོད་གཞི་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། སྒྲིག་འགལ་ཁྲིམས་འགལ་བ་ཁག་གཅིག་གི་གོ་ས་དམའ་རུང་གྱོད་འབྲེལ་དངུལ་འབོར་ཧ་ཅང་མང་བ་དང་ཤུགས་རྐྱེན་ངན་པས་མི་རྣམས་ཁོང་ཁྲོ་ལངས་དགོས་པ་ཞིག་ཡོད། ཧོ་པེ་ཞིང་ཆེན་པེ་ཏའེ་ཧོ་ཆུ་མཁོ་འདོན་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མ་ཁྲའོ་ཆུན་གྱི་ལྐོག་ཟ་རུལ་སུངས་དང་ཧྲན་ཤིས་ཕུའུ་རྫོང་གི“རྡོ་སོལ་དཔོན”ཧའོ་ཕུང་ཅུན་གྱི་ལྐོག་ཟ་དང་གཞུང་དངུལ་སྒེར་སྤྱོད་སོགས་ཀྱི་གྱོད་གཞི་ཚང་མ་ནི་དེ་དག་གི་དཔེ་མཚོན་གྱོད་དཔེ་ཞིག་རེད།
         རུལ་སུངས་ལ་ངོ་རྒོལ་བྱེད་པར་ཉེན་ཁར་འཛེམ་མི་རུང་ལ་གཞི་རིམ་ལ་དེ་བས་སྐྱོད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་མེད་པ་བཟོ་བར་མང་ཚོགས་ཀྱི་དགོས་མཁོར་གཞི་བཙུགས་ཏེ་མང་ཚོགས་བློ་ཡིད་མི་ཚིམ་པ་དང་འཁང་ར་ཆེ་ཤོས་ཡོད་པ་ཙམ་མ་ཟད། ཐ་ན་འུ་ཐུག་ཐབས་ཟད་ངང་གོང་གཏུག་ཞུ་བར་ཡོང་མཁན་ས་གནས་ནས་བཅོས་སྒྲིག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་རེ་བ་ཆེ་ཤོས་བྱེད་པའི་དོན་དག་ནས་འགོ་བཙུགས་ཏེ་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་དང་། ལྷག་པར་དུ་ས་ཆ་བསྡུ་ལེན་བཤིག་སྤོ་དང་བཟའ་བཅའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།
         མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་མེད་པ་བཟོ་བར་གོང་རིམ་གྱི་བཀའ་གཤམ་འོག་ཏུ་ལག་བསྟར་བྱེད་པ་དང་། རིམ་ཁག་ཏང་ཨུད་ཀྱི་རུལ་རྒོལ་གཙང་སྤེལ་གྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་ལམ་ལུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འབྱུང་རྩ་ནས་གཞི་རིམ་དུ་རུལ་སུངས་ཐོན་ཉེན་གྱི་རྒྱུ་རྐྱེན་མེད་པ་བཟོ་དགོས། དེ་དང་ཆབས་ཅིག་དབང་ཆ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལས་གནས་ཀྱི་དབང་ཆ་མི་ཉུང་ཤས་ཀྱིས་གཅིག་སྡུད་ཐོག་ལག་བསྟར་བྱེད་པའི་ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་མཁན་མེད་པ་དང་ཉམས་ཞན་དུ་སོང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། དབང་ཆ་གང་བྱུང་དུ་སྤྱོད་མཁན་ངེས་པར་དུ་ཡོ་བསྲང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་བར་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ་བཅས་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།