འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་31ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟི་ལིང་དུ་འཚོགས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཧྲེང་ཀྲང་ཧའོ་ཕུང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། འདི་ལོར་ད་དུང་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་ནང་དོན་སྐོར་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་དོ་ཁུར་ཆེན་པོ་བྱུང་ཡོད།
         འདི་ལོར་མཚོ་སྔོན་ཞིང་ཆེན་གྱིས་མྱུར་བགྲོད་གཞུང་ལམ་གྲོང་ཁྱེར་དང་ཀྲོའུ་རུ་ཤར་གཏོང་དང་། རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་རྫོང་དང་ཆུས་སུ་ཤར་གཏོང་། མཁྲེགས་སྒྱུར་གཞུང་ལམ་ཤང་དང་གྲོང་རྡལ་དུ་ཤར་གཏོང་བཅས་ཐུབ་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་3000དང་རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་1ལས་བརྒལ་བ་བྱ་རྒྱུ་རེད། ལྕགས་ལམ་འཛུགས་སྐྲུན་ཐད་གོར་མོ་ནས་ཏུན་ཧོང་ལྕགས་ལམ་བར་གྱི་མཚོ་སྔོན་དུམ་བུ་སྤྱིར་ན་ལེགས་སྒྲུབ་དང་། གོར་མོ་ནས་ཁུར་ལེའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། ཧྭ་ཐུའུ་རོང་གི་གནམ་ཐང་དང་མགོ་ལོག་གནམ་ཐང་ཤར་གཏོང་འགན་ལེན་བྱ་རྒྱུ་རེད། ཆུ་གློག་དང་། མེ་གློག ཉི་ནུས་དང་རླུང་གློག་བཅས་དང་དེ་བཞིན་གློག་དྲའི་འཛུགས་སྐྲུན་ལ་གཅིག་འདོམས་བྱས་ནས་གློག་ཁང་གི་འཕྲུལ་འཁོར་ནས་འདོན་པའི་གློག་ཤུགས་བསྡོམས་གྲངས་ཆན་ཝ་ཁྲི་300འཕར་རྒྱུའི་བརྩོན་ལེན་དང་། ཞིང་ཆེན་དེ་ཡོངས་ཀྱི་གློག་ཁུངས་འཕྲུལ་འཁོར་ནས་འདོན་པའི་གློག་ཤུགས་སྤྱིའི་གཞི་ཁྱོན་ཆན་ཝ་ཁྲི་2100ལོན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།