མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བསྒྱུར་བཅོས་དང་གསར་གཏོད་
བྱེད་ཤུགས་ཇེ་ཆེར་བཏང་ནས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྲུན་བྱེད་མྱུར་
ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་༽
ཅེས་པ་པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་02ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པ་ཤར་ཚུན་“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་བཅུ་གཉིས་པ་༼ སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ ༽པར་འགྲེམས་གནང་བ་རེད།
     བསམ་འཆར་དེ་ཁྱོན་བསྡོམས་ཁག་5དང་དོན་ཚན་32ལ་ཕྱེ་བ་དེའི་ནང་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་དམིགས་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་། ཞིང་པའི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུར་དམིགས་ནས་ཞིང་ཕན་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་དམིགས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་གཏིང་ཟབ་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཚུད་ཡོད།
     བསམ་འཆར་ནང་དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པ་ཞིག་ཏུ་སླེབས་ཏེ་མྱུར་ཚད་མགྱོགས་པོ་ནས་མྱུར་ཚད་འབྲིང་བའི་ཐོག་འགྱུར་བཞིན་ཡོད་པས་དཔལ་འབྱོར་གྱི་འཕར་ཚད་འགོར་དུ་འགྲོ་བའི་གནས་ཚུལ་འོག་ཇི་ལྟར་བྱས་ནས་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་ལ་མུ་མཐུད་ཤུགས་སྣོན་དང་མུ་མཐུད་ཞིང་པའི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུ་དེ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཞིང་ལས་ཐོན་སྐྱེད་ཀྱི་མ་གནས་མགྱོགས་མྱུར་ངང་ཆེ་རུ་འགྲོ་བ་དང་སྤོམ་ཆེའི་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་རྒྱལ་སྤྱིའི་ཁྲོམ་ར་ལས་ཡོངས་ཁྱབ་ཏུ་མཐོ་བ་ཡོད་པས“གནོན་ཤུགས་གཉིས”ཀྱི་འོག་ཇི་ལྟར་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་དང་དེ་སྲུང་སྐྱོང་གི་སྲིད་ཇུས་གསར་གཏོད་བྱེད་པ་དང་ཞིང་ལས་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུ་དེ་ནི་ངེས་པར་དུ་ཐེག་ཐུབ་པ་བྱེད་དགོས་པའི་ཚོད་བགམ་གལ་ཆེན་ཞིག་རེད། རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་མི་འདང་བ་དང་། གསར་སྤེལ་བྱེད་དྲགས་པ། སྦགས་བཙོག་ཇེ་ཆེར་ཕྱིན་པས་ཐོན་ཁུངས་ཁོར་ཡུག་གཅུན་འདོམས་ནན་པོའི་འོག་ཇི་ལྟར་བྱས་ནས་ཞིང་ལས་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་དང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པ་དང་ཞིང་ལས་རྒྱུན་སྲིང་ངང་འཕེལ་རྒྱས་གཏོང་ནུས་མཐོ་རུ་གཏོང་རྒྱུ་དེ་ནི་ངེས་པར་དུ་ཁ་གཏད་གཅོག་དགོས་པའི་འགྲན་སློང་གལ་ཆེན་ཞིག་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་གཞི་རྒྱུ་འཁོར་རྒྱུག་མགྱོགས་སུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འགུལ་ཆེ་རུ་འགྲོ་བས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་རྨང་གཞིའི་འོག་ཇི་ལྟར་བྱས་ནས་གྲོང་གསེབ་གསར་པའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་རྒྱུ་དེ་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། དཀའ་གནད་དེ་དག་བསལ་རྒྱུ་ནི་ཕྱིན་ཆད་སྐབས་ཤིག་རིང“ཞིང་གསུམ”ལས་དོན་གྱི་ལས་འགན་གལ་ཆེན་ཞིག་རེད། ངེས་པར་དུ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་ཡོང་བ་བྱེད་པ་དང་ཁྲིམས་སྐྱོང་གི་འགན་ལེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་བསྟན་ཡོད།
     ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཞིང་ལས་དཔལ་འབྱོར་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲུའུ་ལི་ཀྲིས“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་སླར་ཡང‘ཞིང་གསུམ’ལ་དམིགས་པ་དེ་ཐོག་ནས‘ཞིང་གསུམ’ལས་དོན་ནི‘གལ་ཆེའི་ནང་གི་འགངས་ཆེ’ཡིན་པའི”གནས་བབ་མངོན་ཡོད་ཅེས་དང་། ཁོང་གིས་ན་ནིང་དང་བསྡུར་ན་འདི་ལོའི་ཡིག་ཆ་ཨང་དང་པོའི་ནང“སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ”སྔར་བས་ནན་བཤད་བྱས་ཡོད། ཡིག་ཆའི་བཀོད་སྒྲིག་འོག་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།