འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ནས་2014ལོའི་དཔལ་འབྱོར་ལས་དོན་ཕྱོགས་སྡོམ་དང་སྦྲགས་2015ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ཆེ་དགྲ་ལྷས་2015ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པའི་མཇུག་བསྡུའི་ལོ་བཅས་ཡིན་པས་འདི་ལོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་རྒྱུན་སྲིང་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གཞི་རྩའི་སྲུང་བྱ་དང་བྱ་སྤྱོད་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་པས་ངེས་པར་དུ་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ་དང་། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མིག་སྔའི་དཔལ་འབྱོར་ལས་དོན་གྱི་དུས་བབ་དང་། འདི་ལོའི་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་ཚད། འདི་ལོའི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་བཅས་ངོས་འཛིན་དང་ཤེས་རྟོགས་གཏིང་ཟབ་བྱས་ནས་འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
          ཆེ་དགྲ་ལྷས་དམིགས་ཚད་དང་ལས་འགན་གསར་པ་མངོན་འགྱུར་ཐུབ་རྒྱུར་དམིགས་ཏེ་སྤྱི་ཡོངས་ལ་གཅིག་འདོམས་དང་། འགག་རྩ་དམ་འཛིན། གཙོ་གནད་མངོན་གསལ་དོད་པོར་འཇོག་པ་བཅས་བྱས་ནས་རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེ་མོ་ཡིན་པའི་རྒྱུན་རྣམ་གསར་པ་ཁོང་དུ་ཆུད་པ་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ལྷ་སའི་དཔལ་འབྱོར་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།