འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད་ཀྱིས་དཔལ་ལྡན་རྒྱུད་བཞི་བློ་རྒྱུགས་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་06ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད་ཀྱིས་དཔལ་ལྡན་རྒྱུད་བཞི་བློ་རྒྱུགས་ཕུལ་བ།
            མི་དམངས་དྲ་བའི་འཕྲིན། 2015ལོའི་སྤྱི་ཟླ1པའིཚེས2ཉིན། མདོ་ཁམས་མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ། མཛངས་མ་མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད་ལགས་ཀྱིས་ལོ་མང་གི་ཧུར་བརྩོན་བརྒྱུད། གངས་ཅན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ། དཔལ་ལྡན་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་སྟེ། རྩ་བ་ཐུགས་ཀྱི་རྒྱུད་དང་། བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་བཅས་ཤོ་ལོ་ཀ་ལྔ་སྟོང་དགུ་བརྒྱ་སུམ་ཅུ་སོ་ལྔ་དང་ཕྱེད་དུས་གཅིག་ལ་མཁས་མང་འདུས་པའི་དབུས་སུ་བློ་རྒྱུགས་ཕུལ་བས། བོད་རིགས་བུད་མེད་འཚོ་བྱེད་མའི་སྡེ་ལས་དཔལ་ལྡན་རྒྱུད་བཞི་ཧྲིལ་བོ་དུས་གཅིག་ལ་ཚོགས་མང་འདུས་པའི་དབུས་སུ་བློ་རྒྱུགས་འབུལ་མཁན་རང་རེའི་གསོ་དཔྱད་ལོ་རྒྱུས་ཐོག་སྔར་མ་གྲུབ་པར་སྨྲ་དཀའ་ཡང་། ཡོངས་སུ་མ་གྲགས་པ་ཞིག་མིན་ནམ་སྙམ་པས། དེ་ལྟ་ན་མཚན་སྙན་གྱི་གཟི་བརྗིད་འདི་ནི་བོད་ལུགས་གསོ་བ་རིག་པའི་ལོ་རྒྱུས་ཟིན་ཐོའི་ཁྲོད་ཀྱི་བསྙེལ་བྱང་གསར་བ་ཞིག་ཏུ་ཆགས་པར་མི་རིགས་སམ།
           དེ་མིན་སློབ་བུ31གིས་རྩ་བ་ཐུགས་ཀྱི་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད། ཕྱི་རྒྱུད་རྩ་ཆུ་དང་། དེའུ་དམར་བའི་ལག་ལེན་གཅེས་བཏུས། ཁམས་གཙང་རིན་པོ་ཆེས་མཛད་པའི་ནད་ཀྱི་ངོས་འཛིན་སོགས་ཀྱི་བློ་རྒྱུགས་འབུལ་བའི་མཛད་སྒོ་གླིང་དེའི་སྐལ་བཟང་ཚོམས་ཆེན་དུ་སྤེལ་བ་རེད།
           ཐེངས་འདིའི་མཛད་སྒོའི་སྟེང་དུ། སྙིགས་དུས་ཀྱི་རྣལ་འབྱོར་བ་ཆེན་པོ་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་དང་། རིག་པའི་གནས་ལྔར་གཟིགས་པ་མཆོག་ཏུ་ཡངས་པའི་མཁས་པའི་དབང་པོ་དགེ་བཤེས་བདེ་ལེགས་རབ་རྒྱས། དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཆེན། ཞུས་ཆེན་གྱི་ལོ་ཙཱ་བ་ཆེན་པོ་འཇུ་སྐལ་བཟང་། མགོ་ལོག་བོད་སྨན་ཁང་གི་སྨན་སྤྱི་བ་དུང་གཅེས། གེ་སར་རིག་གནས་སྨྲ་བ་ཐུབ་བསྟན་དར་རྒྱས། མགོ་ལོག་བོད་སྨན་ཁང་གི་གླིང་གཙོ་གཞོན་པ་འབུམ་རམས་པ་དབལ་ཤུལ་གསང་བདག་ཚེ་རིང་སོགས་ཆེད་མཁས་མི་སྣ་དང་། སློབ་བུ་སུམ་བརྒྱ་ལྷག་ཚོགས་འདུར་ཕེབས་འདུག
          ཚོགས་ཐོག་ཏུ་མཁས་དབང་སོ་སོས་གསུང་བཤད་གང་མང་གནང་ཞིང་། ཁྱད་པར་ཏུ་མཁས་པའི་དབང་པོ་དགེ་བཤེས་བདེ་ལེགས་རབ་རྒྱས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་དང་འབྲེལ། བོད་སྨན་པའི་ཀུན་སྤྱོད་དང་འབྱུང་འགྱུར་སོགས་ལས་འཕྲོས་ཏེ་བཀའ་སློབ་གང་མང་བསྩལ། མཁས་དབང་འཇུ་སྐལ་བཟང་ལགས་ཀྱིས་བོད་ལུགས་སྲོལ་རྒྱུན་གསོ་རིག་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཆ་ཚང་བར་བློ་རྒྱུགས་ཕུལ་བ་ནི། ཆེས་ཡ་མཚན་ཞིང་གཟེངས་སུ་ཐོན་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་སྟེ། ཁོ་བོས་བསམ་ན་འདི་འདྲ་ནི་དེང་གི་ཆ་ལ་མཚོན་ན། ཕལ་ཆེར་འཛམ་གླིང་གི་ཟིན་ཐོ་ལས་ཀྱང་བརྒལ་བ་ལྟ་བུར་མི་འགྱུར་རམ། ཞེས་སོགས་ལས་འཕྲོས་ཏེ་གསུང་བཤད་གལ་ཆེན་གནང་།
           མཇུག་མཐར་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་སྤྱི་བའམ་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ལགས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་གི་བྱ་བ་སྤྱི་བསྡོམས་དང་། བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་ཐུགས་ཁུར་བླ་མེད་གནང་མཁན་གྱི་མཁས་དབང་རྣམས་ལ་བཀའ་དྲིན་ཞུས་ཏེ་མཇུག་ལེགས་པར་སྒྲིལ། ༼ མཚོ་སྔོན་པོ་དྲ་བ་ལས་དྲངས། ༽
    ༄༅།།མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད་ཀྱིས་དཔལ་ལྡན་རྒྱུད་བཞི་བློ་རྒྱུགས་ཕུལ་བ།
      

    ཕྱོགས་བསྡུས་གསར་འགྱུར།