འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ས་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་
    གཏོང་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གསུམ་པ།
        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དང་ཁ་འབྲལ་ཐབས་མེད། “འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་པར་བསྟུན་དགོས”དང“མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ཁྱད་ཆོས་དང་ལེགས་ཆ་དབྱེ་ཞིབ་གནང་བ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་དང་གཙོ་གནད་ལས་འགན་ཁ་གསལ་བཏོན་ནས་ང་ཚོར་མི་རིགས་ས་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་ཆེད་ཡང་དག་པའི་ཁ་ཕྱོགས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གནང་ཡོད།
        མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་བའི་ཕན་ཡོད་ཆ་རྐྱེན་ཆེན་པོ་ཞིག་ཀྱང་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་མི་རིགས་ས་ཁུལ་འགའ་ཞིག་གི་མང་ཚོགས་ལ་དཀའ་ངལ་མང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་མང་བས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པ་མཐོང་ཐུབ་པ་དགོས། འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་པ་དང་། འཕེལ་རྒྱས་་མགྱོགས་སུ་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་ཚེ་གཞི་ནས་མི་རིགས་ས་ཁུལ་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་པ་དེ་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་ཡོད།
        མི་རིགས་ས་ཁུལ་ནི་རང་རྒྱལ་གྱི་ཐོན་ཁུངས་འབེལ་བའི་ཁུལ་དང་།གཙང་ཆུའི་ཆུ་འགོའི་ཁུལ།སྣོད་བཅུད་སྲུང་ཡོལ་ཁུལ།རིག་གནས་ཁྱད་ལྡན་ཁུལ།མཐའ་མཚམས་ས་ཁུལ།དབུལ་ཕོངས་ས་ཁུལ་བཅས་ཡིན་པ་དེ་དག་ལས་མི་རིགས་ས་ཁུལ་གྱི་དམིགས་བསལ་གྱི་ལེགས་ཆ་དང་ཁྱད་ཆོས་མངོན་ཡོད་ལ་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བའི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་གསལ་བཤད་གང་ལེགས་ཐུབ་ཡོད།དེ་ན་ང་ཚོས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་དགོས་པ་དང་།ཚད་གཞི་ངེས་ཅན་མཐའ་འཁྱོངས་བྱེད་མོད་མ་གྲུབ་འགུག་མདོག་སྔོན་འགོག་བྱེད་པ།རྨང་གཞི་མང་ཙམ་འདིང་བ་དང་།ཕུགས་ཀྱི་ཇུས་འགོད་བྱེད་པ།དངོས་ཕན་ཐོན་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
        ཁྱོན་ཡོངས་ཀྱི་འབྱོར་འབྲིང་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཡིན་པ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བར་ཀྲུང་དབྱང་དང་།དར་རྒྱས་ཆེ་བའི་ས་ཁུལ།མི་རིགས་ས་ཁུལ་བཅས་གསུམ་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་དགོས་པ་དང་མཐའ་མཚམས་ས་ཁུལ་དང་།དབུལ་ཕོངས་ས་ཁུལ།སྣོད་བཅུད་སྲུང་སྐྱོང་ཁུལ་བཅས་སུ་ཁྱད་པར་ཡོད་པའི་ས་ཁོངས་སྲིད་ཇུས་ལག་ལེན་བསྟར་ཐོག་ཕྱོགས་ཁག་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།མི་རིགས་ས་ཁུལ་གྱིས་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྒྱུར་བཅོས་ལ་སྒུལ་ཤུགས་དང་གསོན་ཤུགས་ཡོད་པ་དང་།འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཀྱི་ཡོད།
        མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ནི་སྣེ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་པས་གཙོ་ཕལ་མི་འབྱེད་པར་མཉམ་དུ་འཛིན་མི་རུང་བར་གཙོ་གནད་དམ་འཛིན་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས།ཞིབ་ཙམ་བཤད་ན་དམངས་འཚོ་དམ་པོར་འཛིན་ཏེ་འཕེལ་རྒྱས་དོན་གཉེར་བྱས་ནས་ལས་ཞུགས་དང་སློབ་གསོར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་།ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཡུལ་དེ་གར་ཕན་པ་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ།དབུལ་སྐྱོར་གསར་སྤེལ་ཡག་པོ་བྱས་ནས་ཆེས་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དབུལ་སྒྲོལ་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ།མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་དང་ཕྱི་ཕྱོགས་སྒོ་དབྱེ་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བཅས་བྱེད་དགོས་པ་དེ་ཡིན་ཞིང་།གཙོ་གནད་ལས་དོན་དེ་དག་ལ་དམ་འཛིན་ཡག་པོ་བྱས་ཚེ་སྲིད་ཇུས་ཀྱི་འགུལ་ཤུགས་དང་ནང་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་ཟུང་འབྲེལ་གང་ལེགས་ཐུབ་ནས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བའི་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་རྒྱུ་རེད།
        “མང་ཚོགས་བདེ་ལ་འཁོད་ཚེ་བདེན་དོན་སྐྱོང་།དམངས་ལ་ཉེན་ཁ་འཕྲད་ཚེ་ཟིང་ཆ་སློང”ཞེས་པ་ལྟར་འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱེད་པ་ནི་འགག་རྩ་ཡིན་ཞིང་།མི་རིགས་ས་ཁུལ་གྱི་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་དམངས་འཚོ་ལེགས་སུ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་དམངས་འདུན་དང་བསྟུན་པ་དང་དམངས་འཚོར་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་ཏན་ཏིག་སྤྱོད་ཐུབ་པ་བྱེད་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་ས་ཁོངས་ལས་བརྒལ་ནས་སྐོར་སྐྱོད་བྱེད་མང་བའི་རྒྱབ་ལྗོངས་འོག་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར“སྒོ་རྒྱག་རིང་ལུགས”དང་རྒྱ་ཡན་དུ་གཏོང་བ་སོགས་ཀྱི་རྣམ་འགྱུར་འཛིན་མི་རུང་བར་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་བསྒྲུབས་ཏེ་གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དེ་བས་ལེགས་པའི་ངང་དང་ལེན་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་དུ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས།
        རང་རྒྱལ་གྱི་དབྱིས་རིགས་ས་ཁུལ་དུ་དེ་སྔ་གོམ་སྟབས་གཅིག་གིས་ལོ་ངོ་སྟོང་བརྒལ།ད་ཆ་འབྱོར་འབྲིང་ཕྱོགས་སུ་རྒྱུག་ཤར་གློད་ཞེས་པའི་ཤོད་རྒྱུན་ཡོད།ད་ཆ་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བའི་དུང་བརྡ་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རླབས་རྒྱུན་ལས་མི་སེམས་ལ་གཡོ་འགུལ་ཐེབས།མི་རིགས་ཁག་གི་མི་དམངས་ལག་གདང་གཅིག་ཏུ་སྦྲེལ་བ་དང་།སེམས་ཁ་གཅིག་ཏུ་ཕྱོགས་པ།ནུས་པ་གཅིག་ཏུ་སྒྲིམ་པ་བཅས་བྱས་ཚེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་རྐྱང་ཞིག་བརྩམས་ཐུབ་ངེས་ཡིན་ལ་ཐུན་མོང་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།