མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས“དབུལ་སྒྲོལ་དང་སྲིད་ཏང་གི་འགན་འཁྲིའི”རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་
བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། “དབུལ་སྒྲོལ་དང་སྲིད་ཏང་གི་འགན་འཁྲིའི”རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཚེས་12ཉིན་ཧྥུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་དབུལ་སྐྱོར་ཉིན་མོ་དང་རྒྱལ་སྤྱིའི་དབུལ་པོ་མི་ལྷག་པ་བྱེད་པའི་ཉིན་མོ་འཆར་ཉེའི་སྐབས་འདིར“དབུལ་སྒྲོལ་དང་སྲིད་ཏང་གི་འགན་འཁྲིའི”རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཚེས་12ཉིན་ཕུའུ་ཀྲོའུ་རུ་འགོ་ཚུགས་པ་རེད། ངས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དབུལ་པོ་མི་ལྷག་པ་བྱེད་པ་དང་། དམངས་འཚོ་ལེགས་སུ་གཏོང་བ། ཐུན་མོང་ཐོག་འབྱོར་ཕྱུག་མངོན་འགྱུར་བྱེད་པ་བཅས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་གལ་ཆེན་རེད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གཙོ་གནད་ལས་འགན་ལ་བརྩིས་ཏེ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་པས་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་དཀའ་ངལ་འཕྲད་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་གྲབས་ཡོད། ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ནུས་པ་ཡོད་པ་དང་ལོ་10ཡི་སྔ་སྣུར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》ནང་གི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཐུབ་ནས་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཚང་མར་དོན་སྙིང་ཆེན་པོ་ལྡན་པའི་རླབས་ཆེའི་བྱ་གཞག་དེ་ལེགས་གྲུབ་ཐུབ་པའི་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་མོད། འོན་ཀྱང་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྔར་བཞིན་ཧ་ཅང་ཛ་དྲག་ཆེ་བས་རྒྱལ་ཁབ་ཁག་གི་སྲིད་ཏང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱ་རྒྱུའི་དགོས་གཏུགས་ཆེ་བ་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་ཐོག་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རེ་བར་ཚོགས་ཞུགས་སྐུ་མགྲོན་ཚོས་ཉམས་མྱོང་སྤེལ་རེས་དང་ཆོས་ཉིད་ཕྱོགས་སྡོམ་བྱས་ཏེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་མཉམ་དུ་གྲོས་བསྡུར་བྱས་ནས་དབུལ་པོ་ལས་རྣམ་པར་རྒྱལ་བའི་གདེང་ཚོད་ཆེ་རུ་བཏང་ཐོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》ནང་གི་དམིགས་ཚད་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
     “དབུལ་སྒྲོལ་དང་སྲིད་ཏང་གི་འགན་འཁྲིའི”རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་གི་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧྥུའུ་ཅན་ཞིང་ཨུད་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་། ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང་དང་། ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཀེན་ཀོ་པུ། ཙམ་པབ་ཝེའི་ཨ་ཧྥེ་རི་ཁའི་མི་རིགས་མནའ་འབྲེལ་—རྒྱལ་གཅེས་གཡུལ་སའི་ཀྲུའུ་ཞི་དང་ཧྲུའུ་ཅི་དང་པོ་དང་ཙུང་ཐུང་གཅིག་ལྕོགས་ཡིན་པའི་མུའུ་ནན་ཅ་ཀུའུ་ཝ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ལས་འགུལ་སྲོལ་གཏོད་པ་ཙུང་ཐུང་ཐུའུ་ཝ་ཏེ་ལ། མ་ལ་ཝེའི་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཁྲ་ཁེ་ཝེ་ལ། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི། སུའུ་རི་ནམ་གྱི་ཡར་ཐོན་སྒྱུར་བཅོས་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཧྲན་ཏུའོ་ཅི་སོགས་ཀྱིས་ཡིག་ཐོག་གམ་ཡང་ན་བརྙན་ལམ་བརྒྱུད་སྨོན་འདུན་ཞུས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཚད་མཐོའི་གདེང་འཇོག་བྱས་ཏེ་རྒྱལ་ཁབ་ཁག་གི་སྲིད་ཏང་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱས་ཐོག་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད། རྒྱལ་ཁབ་100ལྷག་ཙམ་གྱི་སྲིད་ཏང་གི་འཐུས་མི་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་གཞིའི་འཐུས་མི། ཀྲུང་གོར་བཅའ་སྡོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྨྱན་སྦྱོར་འཐུས་མི། ཇུས་འདོན་མཁས་དབང་སོགས་དྲ་ཐོག་གམ་ཡང་ན་དྲ་ཕྱི་བརྒྱུད་ཚོགས་འདུར་ཞུགས་པ་རེད།

  
style="display:none;"