མི་དམངས་དྲ་བ།

༄༅༎ཀྲུང་གོ་དང་ཁུ་པའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར། ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་
ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལོར་·ཁ་སི་ཐེ་ལོ་དང་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་དང་ཕན་ཚུན་རྟེན་འབྲེལ་
གློག་འཕྲིན་བཏང་བ། ལི་ཁེ་ཆང་གིས་ཁུ་པའི་ཙུང་ལི་མཱ་ལེ་ལོ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་30ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལོར·ཁ་སི་ཐེ་ལུའོ་དང་། ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
     ལོར་·ཁ་སི་ཐེ་ལོར་བཏང་བའི་རྟེན་འབྲེལ་གློག་འཕྲིན་ནང་ཞི་ཅིན་ཕིང་གིས། ཁུ་པ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་པོ་དེ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་། ཀྲུང་གོ་དང་ཁུ་པའི་འབྲེལ་བར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཚོད་བགམ་ཐེགས་ནས་དེ་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་ཁུ་པའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས། མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་གོ་དང་ཁུ་པའི་དམིགས་བསལ་གྱི་མཛའ་མཐུན་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཁུ་པ་ནམ་ཡང་གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། སྤུན་ཟླ་ཡག་པོ་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
     ཏི་ཡ་སི—ཁ་ནེར་ལ་བཏང་བའི་རྟེན་འབྲེལ་གློག་འཕྲིན་ནང་ཞི་ཅིན་ཕིང་གིས། ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བསམ་ཤེས་དང་། ཡིད་ཆེས། རྒྱབ་སྐྱོར་བཅས་བྱས་པ་བརྒྱུད་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཧུར་ཐག་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད།
     ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རིང་། ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ངས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁྱེད་དང་ལྷན་དུ་འབད་བརྩོན་གྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
     རྟེན་འབྲེལ་གློག་འཕྲིན་ནང་ལོར་·ཁ་སི་ཐེ་ལོས། ཁུ་པ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་པོ་ཡིན་པ་དང་འབྲེལ་སྔ་ཕྱི་བར་གསུམ་དུ་སྤུན་ཟླ་ཀྲུང་གོ་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་མི་དམངས་བཅས་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱས་པར་ཁུ་པ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལོ་དྲུག་ཅུ་ལྷག་ཙམ་བརྒྱུད་པའི་ཁུ་པ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་མི་ཉམས་ཡུན་གནས་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
     རྟེན་འབྲེལ་གློག་འཕྲིན་ནང་ཏི་ཡ་སི-ཁ་ནེར་གྱིས། ཁུ་པ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་ཟབ་མོར་ལོ་ཟླའི་ཚོད་བགམ་ཐེག་པ་དང་། ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ཕར་ཕྱོགས་ལ་ཐོབ་པའི་གྲུབ་འབྲས་རང་ཉིད་ཀྱི་གྲུབ་འབྲས་ལ་བརྩི་གི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཁུ་པ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་མཉམ་སྒྲུབ་དང་ཐོན་ཁུངས་གཅིག་སྡུད་ཀྱིས་ཚེ་སྲོག་སྐྱོབ་པར་གཞོལ་བ་མ་ཟད། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ་རྒྱལ་སྤྱིའི་མཉམ་ལས་བྱས་ཡོད། ང་ཚོས་ཁུ་པ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁུ་པའི་ཙུང་ལི་མཱ་ལེ་ལོ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། རྟེན་འབྲེལ་གློག་འཕྲིན་ནང་ལི་ཁེ་ཆང་གིས། ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་པ་མ་ཟད། ད་དུང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རིང་སྐྱིད་སྡུག་མཉམ་མྱོང་དང་ལྟ་རེས་སྐྱོང་རེས་བྱས་པས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་ནང་དོན་དང་གྲུབ་འབྲས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། རིམས་འགོག་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་སྐས་རིམ་གསར་པ་ཞིག་ཏུ་རྒྱུན་ཆད་མེད་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད། མཱ་ལེ་ལོས་ཁུ་པ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ཁུ་པ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་འབྲེལ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

  
style="display:none;"