མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་12ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་75འཁོར་བའི་སྐབས་འདིར་ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུ་རྒྱུ་མ་ཟད། རང་ཉིད་མི་སྒེར་གྱི་མིང་ཐོག་ནས་བློ་མཐུན་ཨུ་ཡོན་ཀྲང་དང་སྐུ་ཉིད་བརྒྱུད་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་ཁྲའོ་ཞན་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཁྲའོ་ཞན་ངལ་རྩོལ་ཏང་ལ་གཟི་བརྗིད་ལྡན་ལ་ཡུན་རིང་གི་གསར་བརྗེའི་སྲོལ་རྒྱུན་ཡོད་པ་དང་ལོ་75ཡི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་ཚད་ཁྲོད་ཁྲའོ་ཞན་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་རླབས་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ད་ཕན་ལོ་ཤས་རིང་བློ་མཐུན་ཨུ་ཡོན་ཀྲང་གིས་འགོ་གཙོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་ཏང་འཛུགས་སྐྱོང་དང་དཔལ་འབྱོར་ལས་དོན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་པ། ཕྱི་ཕྱོགས་འགྲོ་འོང་དང་མཉམ་ལས་ཧུར་ཐག་བཅས་བྱས་པར་གྲུབ་འབྲས་འགངས་ཆེན་རབ་དང་རིམ་པ་ཐོབ་ཡོད། བློ་མཐུན་དང་གྲོགས་པོ་ཡིན་པའི་ངེད་ཚོར་དེའི་ཐད་སྙིང་དབུས་ནས་དགའ་ཚོར་ཆེན་པོ་བྱུང་། བློ་མཐུན་ཨུ་ཡོན་ཀྲང་གིས་འགོ་གཙོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་ཡང་འབད་བསྐྱར་འབད་དང་འབད་བརྩོན་ཆེན་པོས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ཏེ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་གཅིག་ཏུ་སྦྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་མཚུངས་རེད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་མི་རབས་རྒན་གྲས་ཀྱིས་བཙུགས་པ་དང་སྐྱེད་སྲིང་ཞིབ་ཚགས་གནང་བའི་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ཟབ་ལ་ལོ་རྒྱུས་ཡུན་རིང་ལྡན་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་རིན་ཡོད། ད་ཕན་ལོ་ཤས་རིང་ང་དང་བློ་མཐུན་ཨུ་ཡོན་ཀྲང་དབར་ཐུག་འཕྲད་ཐེངས་མང་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་མང་པོ་གྲུབ་པ་དང་ཀྲུང་ཁྲའོ་ཡི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་འབྱེད་པར་ཁྲིད་སྟོན་བྱས་ཡོད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱ་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཏོག་གསར་གློ་ཚད་རིམས་ནད་ཐོན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་དང་མཉམ་དུ་ཀྲུང་ཁྲའོ་ཡི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་བདེ་བསྐྲུན་ནས་ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད། ཁྲའོ་ཞན་ངལ་རྩོལ་ཏང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། 

  
style="display:none;"