མི་དམངས་དྲ་བ།

༄༅༎ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བའི་ཐད། ཞི་ཅིན་ཕིང་དང་སེ་ནེ་ཀལ་གྱི་ཙུང་ཐུང་
སཱ་ལེས་མཉམ་དུ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བར་མཉམ་དུ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་དང་སཱ་ལེའི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བའི་དུས་སུ། ཀྲུང་གོ་དང་སེ་ནེ་ཀལ་གླེང་སྟེགས་ཀྱི་ཀྲུང་གོ་ཕྱོགས་དང་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞི་ཡིན་པའི་ཆ་ནས་རྒྱ་ཆེའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ལྷན་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་དུས་མཚམས་འདིར་རྟེན་འབྲེལ་ཞུ་འདོད་ཡོད་ཅེས་འཁོད་ཡོད།
     ཞི་ཅིན་ཕིང་དང་སཱ་ལེའི་རྟེན་འབྲེལ་གློག་འཕྲིན་ནང་། ལོ་ངོ་20ཡི་རིང་ཀྲུང་ཧྥེ་ཕྱོགས་གཉིས་ཀྱི་ཐུན་མོང་འབད་འཐབ་འོག ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་དེ་ཀྲུང་ཧྥེ་དབར་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་འཁྲུག་པོ་གལ་ཆེན་དང་དངོས་སྒྲུབ་མཉམ་ལས་ཀྱི་ལམ་སྲོལ་ནུས་ལྡན་ཞིག་ཆགས་ཡོད། དེ་ནི་ལྷོ་ལྷོ་མཉམ་ལས་ཀྱི་དར་ཆ་གལ་ཆེན་ཞིག་ཡིན། ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ཡོད། གླེང་སྟེགས་ཀྱི་མཉམ་ལས་གྲུབ་འབྲས་ཀྱིས་ཀྲུང་ཧྥེའི་མི་དམངས་ལ་ཕན་པ་ཐོབ་ཡོད། 2018ལོའི་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཅིང་། ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་དེ་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཐག་བཅད་དེ་ཀྲུང་ཧྥེའི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་འཁོད་ཡོད།
     ཞི་ཅིན་ཕིང་དང་སཱ་ལེའི་རྟེན་འབྲེལ་གློག་འཕྲིན་ནང་། ཏོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ལ་འཕྲད་པའི་འགྲན་སློང་དྲག་པོ་ཞིག་ཡིན་པ་དང་། དེས་འཛམ་གླིང་དཔལ་འབྱོར་ལའང་རྡབ་རྡེག་ཤུགས་ཆེན་ཕོག་ཡོད། ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་མུ་མཐུད་མཐའ་འཁྱོངས་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་བཅག་སྟེ། ཀྲུང་ཧྥེའི་མཉམ་ལས་དེ་ཕྱོགས་མང་རིང་ལུགས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་དུ་འགྱུར་བར་བྱས་ནས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་འཁོད་ཡོད།
     ཞི་ཅིན་ཕིང་དང་སཱ་ལེའི་རྟེན་འབྲེལ་གློག་འཕྲིན་ནང་། ང་ཚོས་གླེང་སྟེགས་ཀྱི་ཁོངས་མི་ཁག་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། “མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད”བཅས་ཀྱི་རྩ་དོན་མུ་མཐུད་མཐའ་འཁྱོངས་ཀྱིས་གླེང་སྟེགས་ཀྱི་ལམ་སྲོལ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ཧྥེའི་འབྲེལ་བའི་ཁྲོད་དུ་གླེང་སྟེགས་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱེད་པ། ཀྲུང་གོའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་འབྲེལ་མཐུད་བྱེད་པ། གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་དང་ཀྲུང་ཧྥེ་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་ཆུ་ཚད་མཐོ་པོ་ཡོང་བ་བྱེད་པ། དེ་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ནས་ཀྲུང་ཧྥེའི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས། 2021ལོར་སེ་ནེ་ཀལ་དུ་འཚོག་རྒྱུའི་སྐབས་གསར་པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱི་ཐུན་མོང་དམིགས་ཚད་མངོན་འགྱུར་བྱེད་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ང་ཚོར་ཡོད་ཅེས་འཁོད་ཡོད།

  
style="display:none;"