མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་30ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་ཡིག་ཆར་གྲོས་བསྡུར་བྱས་པ་དང
                             《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ།
                                    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་10ཚེས་26ནས་29ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》མ་ཟིན་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་དང་དྲ་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་མ་ཟད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ཐེངས་བསམ་འཆར་བསྡུ་ལེན་བྱས་པ་ནི་དམངས་གཙོ་དར་སྤེལ་དང་། ཡོངས་བསྒྲགས་ཇུས་འདྲི། བློ་བསྡུས་དགེ་འཚོལ་བཅས་བྱས་ནས་ཏང་ཕྱི་ནང་གི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་ཡོད། དེའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་གཙོ་སྐྱོང་གནང་ནས་སྤྱི་ཚོགས་ལས་རིགས་ཁག་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་ཐད་ཀར་གསན་པ་རེད། ས་གནས་ཁག་དང་། སྡེ་ཚན་ཁག འབྲེལ་ཡོད་ཕྱོགས་ཁག ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་ཀྱིས་གྲོས་འགོའི་མ་ཟིན་ལ་ཁས་ལེན་གང་ལེགས་གནང་བ་དང་། གྲོས་འགོའི་མ་ཟིན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། དོན་སྙིང་ཟབ་པ། དམིགས་ཚད་ཁ་གསལ་བ། བྱེད་ཐབས་ནུས་ལྡན་བཅས་ལྡན་པའི་ངོས་འཛིན་གནང་བ་དང་དུས་མཚུངས། བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་མང་པོ་བཏོན་ཡོད། གྲོས་འགོའི་མ་ཟིན་ནང་ས་གནས་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བསམ་འཆར་དང་གྲོས་འགོ་དང་། མང་ཚོགས་ཀྱི་རེ་སྒུག རིགས་གཅིག་མཁས་ཅན་གྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་བསྡུ་ལེན་གང་ལེགས་བྱས་ཡོད། འདི་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་ཞིག་རེད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་པ་དང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་ལྷག་དོན་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་ཕོག་པའི་དུས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བསྟུན་མནོ་བསམ་གཏོང་བ་དང་བབ་བརླིང་ངང་ཁ་གཏད་བཅག་སྟེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་གནང་བ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བཏང་གནང་བས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་འགྲུབ་གྲབས་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཆེན་པོ་ཞིག་ཏུ་སླེབས་ཡོད།
     ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་མི་དམངས་ཀྱི་གནས་བབ་གཙོ་བོ་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཏན་ཏིག་བཏང་སྟེ། སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་མཐོ་རུ་གཏོང་རྒྱུར་ཕན་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཧུར་སེམས་སྐུལ་སློང་བྱེད་རྒྱུར་ཕན་པའི་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་གལ་ཆེན་ལ་ཤུགས་སྣོན་རྒྱག་དགོས། ངེས་པར་དུ་བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་ཀྱིས་རྨང་གཞི་བརྟན་གཏོང་དང། ལེགས་ཆ་དར་སྤེལ། ཞན་ཆ་སེལ་བ། ཞན་ཆ་ལེགས་གཏོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་དང་འགྲན་སློང་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུར་མཐོང་ཆེན་བྱེད་དགོས། འཆར་གཞི་འདིང་བ་དང་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གཏན་འབེབས་བྱས་ནས་བཏོན་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པའི་ལྡོག་མེད་བླང་བྱ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་ཀྱི་ངོས་ནས་བརྗོད་ན་རྒྱང་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད། 《སྲོལ་ཡིག》ནང་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་གནས་བབ་དང་། འགོ་ཁྲིད་ཀྱི་སྒྲིག་སྲོལ། འགོ་ཁྲིད་ཀྱི་འགན་དབང་། འགོ་ཁྲིད་བྱེད་སྟངས། ཐབས་ཇུས་བཀོད་སྒྲིག རང་ངོས་འཛུགས་སྐྱོང་སོགས་ཕྱོགས་ཡོངས་ནས་གཏན་འཁེལ་བྱས་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
     ཚོགས་འདུའི་ཐོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མིས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང《སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་དང་། སྣེ་ཁྲིད་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། སྣེ་ཁྲིད་དེ་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོར་མིག་དཔེ་འདོན་དགོས། ས་གནས་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ཀྱིས《སྲོལ་ཡིག》གི་དགོངས་དོན་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། 《སྲོལ་ཡིག》གི་དགོངས་དོན་དང་བླང་བྱ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་ཁྲོད་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"