མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཕོ་ལན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ་དེ་ཀྲུང་གོའི་མི་དམངས་ཀྱི་བློ་ལ་བརྟན་པོར་ངེས་ཡོད། དཀའ་ངལ་འཕྲད་དུས་ཟོལ་མེད་བརྩེ་སེམས་མངོན། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་སྲིད་གཞུང་དང་ཕོ་ལན་མི་དམངས་ཚོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྱི་འབད་འཐབ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཕོ་ལན་ཚུད་པའི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་བཅུ་བདུན་དང་མཉམ་དུ་འཕྲོད་བསྟེན་རིགས་གཅིག་མཁས་ཅན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་དང་འབྲེལ་ཡོད་ཐབས་ཤེས་དུས་ཐོག་ཏུ་མཉམ་སྤྱོད་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ཏེ་ཕོ་ལན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་རིམས་འགོག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ད་ཐེངས་རིམས་ནད་ལས་རྣམ་པར་རྒྱལ་བར་ང་ཚོར་སྟོབས་ཤུགས་དང་གདེང་ཚོད་སྦྱིན་མཁན་ནི་ཀྲུང་གོའི་མི་དམངས་ཡིན། ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་ཕྱར་བ་གྲུ་འདེགས་དང་། བློ་སེམས་གཅིག་མཐུན། གདེང་ཚོད་བརྟན་གཏོང་བཅས་བྱས་ཏེ་རིམས་ནད་དང་ཞུམ་པ་མེད་པར་འཐབ་རྩོད་བྱས་ཡོད། ཀྲུང་གོའི་རྒྱ་ཆེའི་སྨན་དོན་མི་སྣའི་སྲོག་ཉེན་ལ་མི་འཛེམས་པའི་བླ་ན་མེད་པའི་སྙིང་སྟོབས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། མི་དམངས་ནི་དཔའ་བོ་ངོ་མ་རེད། མི་དམངས་ལ་དམ་པོར་བརྟེན་ན་ང་ཚོས་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཕོ་ལན་ནི་ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཁྲོད་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་དང་ཕན་ཚུན་རྒྱུས་མངའ་དང་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ་ཀྲུང་ཕོའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་དང་དེ་བཞིན་ཀྲུང་ཡོའི་འབྲེལ་བ་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཏུའུ་ཏཱ་ཡིས། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་འཕྲལ་ཐག་ཆོད་པའི་བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་མཆེད་རྒྱུ་གཏན་འགོག་ནུས་ལྡན་བྱས་པས་ངས་ཀྲུང་གོའི་མི་དམངས་དང་རིམས་ནད་ལ་འགོག་རྒོལ་བྱེད་མཁན་ཀྲུང་གོའི་སྨན་དོན་མི་སྣར་དགའ་མགུ་ཡི་རངས་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཉམས་མྱོང་ནི་ཕོ་ལན་གྱིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད། ཕོ་ལན་ལ་རིམས་ནད་ཀྱི་འགྲན་སློང་ཛ་དྲག་པོ་འཕྲད་བཞིན་ཡོད་ལ་སྨན་བཅོས་འགོག་སྲུང་དངོས་རྫས་ཀྱང་འཕྲལ་མཁོ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་རྩ་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ཕོ་ཀྲུང་དབར་གྱི་མཛའ་གྲོགས་ཟབ་མོའི་མཚོན་ཚུལ་ཞིག་རེད། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པས་ཀྲུང་གོ་རིམས་ནད་ལས་རྣམ་པར་རྒྱལ་ཏེ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་ཐོག་གཞོལ་རྒྱུའི་རེ་བ་ཡོད། ངས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་མཛའ་གྲོགས་ལ་གཅེས་འཛིན་གྱིས་རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཀྲུང་གོར་སྔ་ཙམ་འཚམས་འདྲིར་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"