མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་
དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ། ཕྱི་འབྲེལ་པུའི་འབྲེལ་ཡོད་འགན་འཁུར་བས་བཅར་འདྲི་
དང་ལེན་བྱས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་25ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་3ཚེས་26ཉིན་པེ་ཅིང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་རྒྱུ་རེད། ཐེངས་འདིའི་དབུ་ཚོགས་འདི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་ཀྱིས་གཙོ་གཉེར་བྱེད་རྒྱུ་དང་བརྙན་ལམ་བརྒྱུད་འཚོག་རྒྱུ་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་3ཚེས་26ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་རྒྱུ་རེད། ཚེས་25ཉིན་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཤུས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་བཅས་ཀྱི་བཅར་འདྲི་དང་ལེན་བྱས་ནས་དབུ་ཚོགས་ཀྱི་རྒྱབ་ལྗོངས་དང་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་ངོ་སྤྲོད་བྱས་པ་རེད།
     མཱ་ཁྲའོ་ཤུས་ཀྱིས། རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཟླ་3ཚེས་26ཉིན་འཚོག་རྒྱུ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་རྒྱུ་རེད། G20ཡི་ཁོངས་མི་དང་། སྐུ་མགྲོན་རྒྱལ་ཁབ། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་ཚོགས་འདུར་ཞུགས་རྒྱུ་རེད། དེ་ནི་G20ཡི་ལོ་རྒྱུས་ཐོག་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་འཚོགས་ཐེངས་དང་པོ་ཡིན་པ་དང་། རིམས་ནད་ཐོན་པ་ནས་བཟུང་ཀྲུའུ་ཞི་ཞི་ཅིན་ཕིང་ཕྱོགས་མང་གི་བྱེད་སྒོ་གལ་ཆེན་ལ་ཞུགས་ཐེངས་དང་པོའང་རེད་ཅེས་བརྗོད།
     མཱ་ཁྲའོ་ཤུས་ཀྱིས། མིག་སྔར་ཏོག་གསར་གློ་ཚད་གོ་ལ་ཧྲིལ་པོའི་ཕྱོགས་གང་སར་ཁྱབ་མཆེད་ཆེན་པོ་ཕྱིན་ཏེ། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། G20ནི་ཉེན་ཁར་ཁ་གཏད་གཅོག་པ་དང་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་གོ་ལ་ཧྲིལ་པོའི་ལས་སྟེགས་གལ་ཆེན་ཞིག་ཡིན་པ་དེར་དར་རྒྱས་ཆེ་བའི་དཔལ་འབྱོར་སྡེ་གཞི་དང་གསར་དར་ཁྲོམ་རའི་དཔལ་འབྱོར་སྡེ་གཞི་གཙོ་བོ་བསྡུས་ཡོད་པས། 2008ལོའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། ད་ཐེངས་ཀྱི་འགག་རྩའི་དུས་དེར་G20ཡིས་ཏོག་གསར་གློ་ཚད་རིམས་ནད་ལ་ཆེད་མངགས་དབུ་ཚོགས་འཚོགས་ནས། རིམས་ནད་ཁྱབ་མཆེད་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་ཕྱིར་སྤེལ་རེས་མཐུན་སྦྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
     མཱ་ཁྲའོ་ཤུས་ཀྱིས། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བའི་འོག རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཆེན་པོ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དམིགས་བསལ་དབུ་ཚོགས་ལ་ཞུགས་པ་ལས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་དཔུང་སྦྲེལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་དང་། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཕོད་པ་མངོན་པ། ཀྲུང་གོས་G20ཡིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་དང་འཛམ་གླིང་དཔལ་འབྱོར་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་རྣམ་འགྱུར་མངོན་ཡོད་ཅེས་བརྗོད། ང་ཚོས་ཐེངས་འདིའི་དམིགས་བསལ་དབུ་ཚོགས་ལ་གཤམ་གསལ་གྱི་རེ་སྒུག་བྱེད་ཀྱི་ཡོད་དེ།
     གཅིག་ནས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། ནད་དུག་ལ་རྒྱལ་ཁོངས་མེད་པས། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་སུ་ཞིག་གིས་ཀྱང་ཐབས་མཁས་རང་སྲུང་བྱེད་ཐབས་བྲལ་བ་དང་། སེམས་ནུས་གཅིག་སྒྲིལ་བྱས་ཚེ་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། སྒྲིག་ལམ་སླར་གསོ་ཐུབ་པ་བཅས་ཡོང་ཐུབ། G20ཡི་ཁོངས་མིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པའི་བརྡ་རྟགས་མངོན་གསལ་སྤྲད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས།
     གཉིས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གོ་ལ་ཧྲིལ་པོར་རིམས་ནད་མགྱོགས་མྱུར་མཆེད་པར་བལྟོས་ནས། རྒྱལ་སྤྱིའི་མཉམ་ལས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཀྲུང་གོ་ཕྱོགས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ནང་གི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག དུས་ཐོག་ཏུ་དཀའ་ངལ་ཡོད་པའི་རྒྱལ་ཁབ་ལ་རང་ནུས་གང་ལྕོགས་ཀྱིས་རོགས་རམ་བྱ་རྒྱུ་ཡིན། G20ཡི་ཁོངས་མིས་ཕན་ཚུན་རོགས་རམ་དང་གཞོགས་འདེགས་གཏིང་ཟབ་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་རེ་ཡོད།
     གསུམ་ནས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད། སྔོན་འགོག་ཚོད་འཛིན་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་རྒྱལ་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་གཏོང་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་ཁག་གིས་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དགོས་ངེས་ཀྱི་ནོར་སྲིད་དང་། དངུལ་ལོར། གྲུབ་ཆའི་རང་བཞིན་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་ཁྲོམ་ར་སྒོ་དབྱེར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་དབྱེ་དང་། བརྟན་པོ། བདེ་འཇགས། ཤར་གཏོང་བཅས་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་ཏེ། ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུར་ང་ཚོས་རེ་སྒུག་བྱེད་ཀྱི་ཡོད།
     མདོར་ན། ཀྲུང་གོ་ཕྱོགས་ནས་G20ཡི་ཁོངས་མི་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཐེངས་འདིའི་དམིགས་བསལ་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

  
style="display:none;"