འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་གཱ་ཡེ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་གཱ་ཡེ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་ཐེངས་ཛ་དྲག་ཆེ་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེ་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་ལ་དཀའ་ངལ་འཕྲད་པའི་སྐབས་སུ། ཧ་སག་སི་ཐན་སྲིད་གཞུང་དང་ལས་རིགས་ཁག་གིས་ཀྲུང་གོར་རྒྱབ་སྐྱོར་བྱས་ཡོད། ད་ཆ་ཧ་སག་སི་ཐན་དུའང་རིམས་ནད་མཆེད་པའི་གནས་ཚུལ་ཐོན་ཡོད། སྐུ་ཞབས་ཙུང་ཐུང་གི་སྣེ་ཁྲིད་འོག་ཧ་སག་སི་ཐན་གྱིས་མགྱོགས་མྱུར་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་པ་དེ་ལས། མི་དམངས་ཡོངས་ལ་འགན་འཁུར་བའི་རྣམ་འགྱུར་མངོན་པས། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་འགྱུར་མེད་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ལ་ད་ཆ་འཕྲད་པའི་དཀའ་ངལ་ཚོར་གྱི་འདུག་པས། རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་ཧ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དེ་ལས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསལ་རང་བཞིན་མངོན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་རིམས་རྒོལ་ལ་མིག་དཔེ་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ། རིམས་ནད་ཀྱིས་རིགས་རྒྱུད་དབྱེ་བ་ཕྱེ་མི་སྲིད། ང་ཚོས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལ་འཕྲད་པའི་ཉེན་ཁར་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་ཁ་ཚ་དགོས་གཏུགས་དང་གལ་ཆེའི་རང་བཞིན་དེ་བས་མངོན་ཡོད། མཐུན་སྒྲིལ་མཉམ་ལས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ཏེ། མིའི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་རིམས་ནད་འགོག་རྒོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། རིམས་ནད་ནི་གནས་སྐབས་དང་མཉམ་ལས་ནི་ཡུན་རིང་ཞིག་ཡིན། རིམས་ནད་ཀྱིས་ཀྲུང་ཧའི་མཉམ་ལས་ལ་འགྲན་སློང་འཕྲད་ཡོད་ལ། དེ་དང་ཆབས་ཅིག་གོ་སྐབས་གསར་པའང་སྐྱེད་སྲིང་བྱས་ཡོད། ཀྲུང་ཧ་རྒྱལ་ཁབ་གཉིས་པོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་གྲངས་འཛིན་དཔལ་འབྱོར་དང་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་ཧའི་འབྲེལ་བའི་འཕར་གཞི་གསར་པ་གཏོད་དགོས། རིམས་ནད་མཇུག་འགྲིལ་རྗེས། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཀྱི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཐུའོ་གཱ་ཡེ་ཕུ་ཡིས་སྐུ་ཞབས་ཀྲུའུ་ཞིའི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཕུལ་བྱུང་གྲུབ་འབྲས་ཐོབ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཡིད་ཆེས་དང་རེ་བ་སྦྱིན་ཡོད། འཛམ་གླིང་གིས་ཀྲུང་གོའི་སྨན་བཅོས་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་པོ་དང་ཀྲུང་གོའི་སྨན་དོན་མི་སྣའི་ཚད་མཐོའི་ལས་བཀུར་ལས་གཅེས་ཀྱི་རྣམ་པ་མཐོང་ཡོད་ལ། ཀྲུང་གོས་རྙོག་འཛིང་དང་དཀའ་ངལ་ཆེ་བའི་འགྲན་སློང་ལ་ཁ་གཏད་གཅོག་པའི་བཅོས་སྐྱོང་གི་ཕན་འབྲས་ནུས་པ་སླར་ཡང་མངོན་ཡོད། ཧ་སག་སི་ཐན་གྱིས་ཚད་མཐོའི་གདེང་འཇོག་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་ལ་མཆེད་བཞིན་ཡོད་པས། ཧ་སག་སི་ཐན་ཡང་རང་ཉིད་ཁོ་ན་གཙོ་བོར་འཛིན་མི་རུང་། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མགྱོགས་མྱུར་རིམས་ནད་ལས་རྣམ་པར་རྒྱལ་རྒྱུའི་རེ་བ་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་ཀྲུང་དབར་གྱི་ཡུན་གནས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་རྦད་དེ་མཐུན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་སྦྲེལ་མཐུད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།