མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་25ཉིན་གྱི་དགོང་མོར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པའི་དུས་འགོར་ཁྱེད་ཀྱིས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་ཞུས་པ་དང་འཇར་མན་སྲིད་གཞུང་དང་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་པ་ཀྲུང་གོ་མི་དམངས་ཀྱིས་སེམས་སུ་བརྟན་པོར་ངེས་ཡོད། མིག་སྔར་འཇར་མན་ལ་རིམས་ནད་ཀྱི་འགྲན་སློང་དྲག་པོ་འཕྲད་པ་དང་ཀྲུང་གོ་མི་དམངས་ཀྱིས་གཞན་སྡུག་རང་མྱོང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད་ཟེར། རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་གྱིས་བརྙན་ལམ་ནས་སྤེལ་རེས་བྱས་པ་དང་འཇར་མན་གྱི་རིགས་གཅིག་མཁས་ཅན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་མཉམ་དུ་ཀྲུང་གོར་རྟོག་ཞིབ་ལ་ཕེབས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ཁྱེད་ཀྱིས་འཇར་མན་མི་དམངས་ཀྱི་འགོ་ཁྲིད་དེ་རིམས་ནད་སྔ་ཙམ་ཁྱད་གསོད་བྱེད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ། དེ་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རྒྱལ་ཁབ་གང་གིས་ཀྱང་དེ་སྣང་མེད་དུ་བཞག་ནས་རང་མགོ་རང་ཐོན་བྱེད་ཐུབ་མི་སྲིད། ད་ཐེངས་རིམས་ནད་ལ་འགོག་རྒོལ་བྱེད་རིང་། ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་དབར་མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་མངོན་པ་དང་དྲང་ནུས་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་འཚོག་ཉེར་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཚུད་པའི་ཕྱོགས་ཁག་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་ངང་རིམས་ནད་འགོག་རྒོལ་བྱེད་པའི་འབོད་སྐུལ་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་འདོད་ཡོད། དེང་སྐབས་དང་ཕུགས་གཉིས་ཀར་ལྟ་རྟོག་བྱེད་པ་དང་། རྒྱལ་ནང་གི་ཕན་འབྲས་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་སྤྱི་འདོམས་བྱེད་པ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་བརྟན་པོ་དང་། འཕར་སྣོན་འགན་ལེན། ལས་ཞུགས་བརྟན་པོ། དམངས་འཚོ་འགན་ལེན་བཅས་བྱེད་པ་དང་ཆབས་ཅིག་ཁྲོམ་ར་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་དབྱེ་དང་། བརྟན་ལྷིང་། བདེ་འཇགས་བཅས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་གྱི་འཆར་འགོད་མུ་མཐུད་ཡག་པོ་བྱེད་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཐོན་ལས་སྦྲེལ་ཐག། མཁོ་སྤྲོད་སྦྲེལ་ཐག་བཅས་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་གསར་དར་ཐོན་ལས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་རིམས་ནད་ཀྱི་ཕོག་ཐུག་ཉུང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
     མོ་ཁེར་གྱིས་མིག་སྔར་ཡོ་རོབ་ཀྱི་རིམས་ནད་གནས་ཚུལ་ཛ་དྲག་པོ་ཡོད་པས་འཇར་མན་ཕྱོགས་ཀྱིས་འཕྲལ་ཐག་ཆོད་པོས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་དང་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་མཉམ་ལས་བྱས་ཏེ་མཐུན་སྒྲིལ་ངང་རིམས་ནད་འགོག་རྒོལ་བྱེད་པའི་མིག་དཔེ་གཏོད་རྒྱུའི་རེ་བ་ཡོད། འཇར་མན་ཕྱོགས་ཀྱིས་དོན་དངོས་ལ་གཞིགས་ནས་དངོས་ཡོད་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་བརྒྱུད་རིམས་ནད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མིག་སྔའི་ཉམས་ཉེན་ཁྱད་གསོད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། འཇར་མན་ཕྱོགས་ཀྱིས་རིམས་ནད་ཁྱད་དུ་བསད་རྗེས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་མཉམ་ལས་གལ་ཆེན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"