མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཀྱི་འགོག་རྒོལ་ལས་དོན་ལ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་11ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲེན་ཧྲན་སྨན་ཁང་བཀོད་འདོམས་ལྟེ་གནས་སུ་བརྙན་ལམ་བརྒྱུད་འགོས་ནད་ཚན་ཁག་གི་ནད་པ་དང་སྨན་དོན་མི་སྣར་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པའི་རྣམ་པ་ཡིན་པ།

འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲེན་ཧྲན་སྨན་ཁང་བཀོད་འདོམས་ལྟེ་གནས་སུ་བརྙན་ལམ་བརྒྱུད་འགོས་ནད་ཚན་ཁག་གི་ནད་པ་དང་སྨན་དོན་མི་སྣར་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པའི་རྣམ་པ་ཡིན་པ།

      མི་དམངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་10ཉིན་ཆེད་དུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཧུའུ་པེ་དང་ཝུའུ་ཧན་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དང་རྒྱལ་ཁ་ཕུ་ཐག་གཅོད་ཡུལ་དེ་རེད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། དུས་སྐབས་འདི་འདྲའི་སྐབས་སྔར་ལས་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔར་ལས་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱེད་དགོས་ཤིང་། སྔར་ལས་ཡང་འབད་བསྐྱར་འབད་དང་ལས་མཁས་སྒྲུབ་མཁས་བྱས་ཏེ། མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོ་དང་ཆེས་གལ་ཆེ་བའི་ལས་དོན་དུ་བརྩིས་ནས། བག་གཡེང་མི་བྱེད་པ་དང་། དམག་འཐབ་ལ་སུན་སྣང་མི་སྐྱེ་བ། ལྷོད་གཡེང་མི་བྱེད་པ་བཅས་བྱེད་དགོས་པ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ། ཧུའུ་པེ་སྲུང་སྐྱོབ་ཀྱི་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་། 
     ཞི་ཅིན་ཕིང་གིས། འཐབ་རྩོད་དྲག་པོ་འདིའི་ནང་ཧུའུ་པེའི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོ་མདུན་དུ་མཆོང་ཞིང་དཔའ་ངར་ཆེན་པོས་འབད་འཐབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་དོན་ལས་དོན་པ་དང་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་མིས་གོས་དཀར་གྱི་ཁྲབ་རྨོག་གྱོན་ཏེ་ལྡོག་ཕྱོགས་སུ་བསྐྱོད་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་ལྕི་པོ་འཁུར་བ། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་དཀའ་སྡུག་ལ་མ་འཛེམ་པར་འཐབ་ས་དང་པོ་བརྟན་སྲུང་བྱས། རྒྱ་ཆེའི་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་དེའི་ནང་ཧུར་ཐག་གིས་ཞུགས་པ་བཅས་བྱས་པས་དགའ་སྐྱོ་གཉིས་འོས་ཀྱི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་མང་དུ་ཐོན་ཡོད་ཅེས་གསུངས། 
     ཞི་ཅིན་ཕིང་གིས། འཐབ་རྩོད་དྲག་པོ་འདིའི་ནང་ཝུའུ་ཧན་མི་དམངས་ཀྱིས་ཁྱོན་ཡོངས་ལ་བསམ་ཤེས་དང་། ཁྱོན་ཡོངས་ལ་ལྟ་རྟོག་བྱས་པ་དང་། དཀའ་ཉེན་ལ་མི་སྐྲག་པ། སྙིང་རུས་ཆེན་པོས་མགོ་མི་སྒུར་བ། རང་རྟོགས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་དགོས་མཁོར་བསྟུན་པ་དང་། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ཞུགས་པ་བཅས་བྱས་ནས་ལེགས་སྐྱེས་གལ་ཆེན་ཕུལ་ཏེ་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཝུའུ་ཧན་མི་དམངས་ཀྱི་ཞུམ་མེད་ཀྱི་བློ་སྟོབས་དང་ཡ་རབས་སྤྱོད་བཟང་མཐོང་ཐུབ་པར་བཅུག་ཡོད། ཝུའུ་ཧན་མི་དམངས་ཀྱི་བློས་གཏོང་དང་སྐྱེས་འབུལ། ཝུའུ་ཧན་མི་དམངས་ཀྱི་རྒྱུན་འཁྱོངས་དང་འབད་བརྩོན་ཡོད་པར་བརྟེན་ང་ཚོར་གཞི་ནས་ད་ཆའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་ཡག་པོ་བྱུང་བ་རེད། ཝུའུ་ཧན་མི་དམངས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱེད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད། ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ངོ་གནོང་མི་དགོས་པ་ཡིན་པ་དང་ཝུའུ་ཧན་མི་དམངས་ནི་དཔའ་བོའི་མི་དམངས་ངོ་གནོང་མི་དགོས་པ་ཡིན་པས། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་བླངས་ནས་སླར་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མར་ཁྱོད་ཚོས་སེམས་འགུལ་ཐེབས་སུ་བཅུག་པ་དང་ཁྱོད་ཚོར་བསྔགས་བརྗོད་བྱེད་ཀྱི་ཡོད། ཏང་དང་མི་དམངས་ཀྱིས་ཝུའུ་ཧན་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་། 
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧུའུ་པེ་དང་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ། དང་བླངས་པ་བཅས་དང་དེ་བཞིན་ཕྱོགས་ཁག་གི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ནད་གདོན་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་དང་ཁོང་ཚོའི་ནང་མི་དང་། གཞུང་དོན་དུ་རང་སྲོག་ཤོར་མཁན་ཚོའི་ནང་མི། ནད་ཕོག་ནས་གྲོངས་མཁན་ཚོའི་ནང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། རིམས་ནད་འདིའི་ནང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་རང་སྲོག་བློས་གཏོང་མཁན་འཐབ་ས་དང་པོའི་ལས་དོན་མི་སྣ་ཚོ་ལ་སྙིང་དབུས་ནས་མྱ་ངན་ཞུས་པ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྟོག་ཞིབ་ནང་ཞུགས་པ་རེད།

【1】  【2】  【3】  【4】  【5】  【6】  【7】

༄༅༎ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཀྱི་འགོག་རྒོལ་ལས་དོན་ལ་རྟོག་ཞིབ་གནང་བ།

  
style="display:none;"