མི་དམངས་དྲ་བ།

༄༅༎ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ནན་པོ་དང་། དམ་འཛིན་
ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ནས་ཧུའུ་པེ་དང་ཝུའུ་ཧན་སྲུང་སྐྱོབ་ཀྱི་དམག་འཐབ་ལ་
རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་12ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་3ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲེན་ཧྲན་སྨན་ཁང་གི་བཀོད་འདོམས་ལྟེ་གནས་སུ་འགོ་ནད་ཚན་ཁག་གི་ནད་ཁང་དང་བརྙན་ལམ་འབྲེལ་མཐུད་གནང་སྟེ་ནད་ཁང་ནང་གི་ནད་པ་དང་སྨན་དོན་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

ཟླ་3ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཧོ་ཧྲེན་ཧྲན་སྨན་ཁང་གི་བཀོད་འདོམས་ལྟེ་གནས་སུ་འགོ་ནད་ཚན་ཁག་གི་ནད་ཁང་དང་བརྙན་ལམ་འབྲེལ་མཐུད་གནང་སྟེ་ནད་ཁང་ནང་གི་ནད་པ་དང་སྨན་དོན་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས་10ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཧུའུ་པེ་དང་ཝུའུ་ཧན་ནི་ད་རེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་དང་རྒྱལ་ཁ་ཕུ་ཐག་གཅོད་ས་ཞིག་རེད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་མོད། འོན་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་དང་ལྗིད་རྫོབ་ཆེན་པོ་ཡོད། དུས་སྐབས་འདི་འདྲ་ཞིག་ཏུ་སླེབས་པ་དེ་ཙམ་གྱིས་རིག་པ་དྭངས་གསལ་དགོས་པ་དང་། དེ་ཙམ་གྱིས་མཇུག་བསྡུ་བའི་དུས་སུའང་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་དགོས་པ། དེ་ཙམ་གྱིས་ཡང་འབད་བསྐྱར་འབད་བྱས་ནས་བྱས་རྗེས་འཇོག་མཁས་པོ་དང་གྲུབ་འབྲས་གཏོད་མཁས་པོ་བྱེད་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དེ་མིག་སྔའི་དོན་ཆེན་ཨང་དང་པོ་དང་ལས་དོན་གལ་ཆེ་ཤོས་ཤིག་ལ་མུ་མཐུད་བརྩིས་ཏེ། སྣང་མེད་དུ་གཏན་ནས་མི་གཏོང་བ་དང་། དམག་འཐབ་ལ་སུན་སྣང་མི་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ནས་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། འཐབ་རྩོད་དྲག་པོ་འདིའི་ཁྲོད་དུ་ཧུའུ་པེའི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གདོང་མཆོང་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་དོན་མི་སྣ་དང་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་མིས་སྲོག་ཉེན་ལ་མ་འཛེམ་པར་མདུན་སྐྱོད་བྱེད་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་འབྱོར་མ་ཐག་རྡོག་ཐོན་བྱས་ནས་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་དཀའ་ཉེན་ལ་མ་འཛེམ་པར་འཐབ་ས་དང་པོ་བརྟན་སྲུང་བྱེད་པ། རྒྱ་ཆེའི་མང་ཚོགས་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་ཧུར་ཐག་ཞུགས་པ་བཅས་བྱས་པའི་ཁྲོད་ནས་བསྟོད་གླུ་འབུལ་འོས་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་མང་པོ་འབུར་དུ་ཐོན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་རྩོད་དྲག་པོ་འདིའི་ཁྲོད་དུ་ཝུའུ་ཧན་མི་དམངས་ཀྱིས་སྤྱི་ཡོངས་ལ་བསམ་གཞིག་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་དཀའ་ཉེན་ལ་མི་སྐྲག་པ་དང་དཔའ་ངར་ཞུམ་མེད་ཀྱིས་རིམས་ནད་སྔོག་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་དགོས་མཁོ་རང་རྟོགས་ངང་དང་ལེན་ཞུས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་རང་འགུལ་ངང་ཞུགས་ཏེ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེ་ཐོག་ནས་ཝུའུ་ཧན་མི་དམངས་ཀྱི་བློ་བརྟན་འགྱུར་མེད་དང་ཡ་རབས་སྤྱོད་བཟང་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ཀྱིས་མཐོང་ཡོད། ཝུའུ་ཧན་མི་དམངས་ལ་བློས་གཏོང་དང་། ལེགས་སྐྱེས་འབུལ་ནུས་པ། མཐའ་འཁྱོངས། འབད་འཐབ་བཅས་ཀྱི་སྙིང་སྟོབས་ཡོད་པའི་དབང་གིས། གཞི་ནས་ད་ཆའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་ཡོད། ཝུའུ་ཧན་མི་དམངས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་མངོན་པར་བྱས་ཡོད་ལ་ཀྲུང་ཧྭ་མི་རིགས་ཀྱི་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་ཀྱི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཀྱང་མཚོན་པར་བྱས་ཡོད། ཝུའུ་ཧན་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་གྲོང་ཁྱེར་དང་ཝུའུ་ཧན་མི་དམངས་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་མི་དམངས་ཡིན་པས། ད་རེས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་བླངས་པ་བརྒྱུད་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་སླར་ཡང་འཁོད་ངེས་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མར་ཁྱེད་ཚོའི་བྱ་སྤྱོད་ལས་སེམས་འགུལ་ཐེབས་རྒྱུ་མ་ཟད། ཚང་མའི་བསྔགས་བརྗོད་ཀྱང་ཐོབ་རྒྱུ་རེད། ཏང་དང་མི་དམངས་ཀྱིས་ཝུའུ་ཧན་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧུའུ་པེ་དང་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་རྣམ་དག་ངང་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་མི་སྣ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ། དེ་བཞིན་ཕྱོགས་ཁག་གི་བློ་མཐུན་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ། རིམས་ནད་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་དང་ཁོང་ཚོའི་ནང་མི་དང་། གཞུང་དོན་ཆེད་རང་སྲོག་ཤོར་བའི་མི་སྣའི་ནང་མི། རིམས་ནད་འགོས་ནས་གྲོངས་པའི་མི་སྣའི་ནང་མི་བཅས་ལ་སེམས་གསོ་འཚམས་འདྲི་གནང་བ། རིམས་ནད་དེའི་ཁྲོད་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་གྲོངས་པའི་འཐབ་ས་དང་པོའི་ལས་དོན་མི་སྣར་མྱ་ངན་ཟབ་མོ་ཞུས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྟོག་ཞིབ་ནང་ཞུགས་པ་རེད།
     ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོ་ཁུར་གནང་ཞིང་། གནམ་གྲུ་ནས་བབས་མ་ཐག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན་དང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིང་ཡུང་། ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་ཝུའུ་ཧན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲུང་ལིན་བཅས་ཀྱི་ཕེབས་རོགས་འོག རླངས་འཁོར་ནང་བཞུགས་ཏེ་ནད་པ་ལྕི་རིགས་གཅིག་སྡུད་ཐོག་ཉར་ནས་སྨན་བཅོས་བྱེད་སའི་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཕེབས་པ་རེད།
     ཧོ་ཧྲེན་ཧྲན་སྨན་ཁང་གི་བཀོད་འདོམས་ལྟེ་གནས་སུ། ཞི་ཅིན་ཕིང་གིས་སྨན་ཁང་འཛུགས་སྐྲུན་འཁོར་རྒྱུག་དང་། ནད་པ་སྨན་ཁང་དུ་ཉར་བཅོས། སྨན་དོན་མི་སྣའི་འགོག་སྲུང་འགན་ལེན། ཚན་ཞིབ་ཀྱི་འགག་སྒྲོལ་སོགས་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་ཞིང་། ཞི་ཅིན་ཕིང་གིས་གསུངས་དོན། རིམས་ནད་ཐོན་པ་ནས་བཟུང་། དམག་དཔུང་ཚུད་པའི་རྒྱ་ཆེའི་སྨན་དོན་མི་སྣ་ཚོས་སྡུག་བསྲན་ཁྱད་པར་ཐེག་པ་དང་དམག་འཐབ་ཁྱད་པར་འཇོན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཕྱིར་བཤོལ་སྤུ་ཙམ་ཡང་མ་བྱས་པར་ཧུའུ་པེ་དང་ཝུའུ་ཧན་ཕྱོགས་སུ་ཐོན་པ་དང་། སྐྲག་སྣང་གཏན་ནས་མེད་པར་སྔོན་འགོག་ཚོད་འཛིན་གྱི་སྐྱོབ་བཅོས་ལས་དོན་ནང་ཞུགས་པ། ཉིན་མཚན་ལྟོས་མེད་ངང་དཀའ་སྤྱད་འབད་འཐབ་བྱེད་པ། སྲོག་ཉེན་ལ་མ་འཛེམ་པ། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། ལས་འགན་ལ་ངོ་མི་གནོང་བ་བཅས་བྱས་ཏེ་དུས་ཚོད་དམ་འཛིན་གྱིས་ནད་དུག་དང་འཐབ་རྩོད་བྱས་ནས་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དམག་དཔུང་གི་སྨན་དོན་མི་སྣས་རང་རེའི་དམག་དཔུང་གི་དམིགས་ཡུལ་སེམས་ལ་བརྟན་པོར་བཅངས་ནས་སྐོང་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་བྱས་ཏེ་ཏང་དར་དང་དམག་དར་ལ་གཟི་འོད་བསྣན་ཡོད། དཀའ་གནད་ཆེན་པོ་འཕྲད་པ་ན། དཔའ་བོའི་རང་མདངས་ལྷག་པར་མངོན། ཁྱེད་ཚོས་ནད་བཅོས་སྲོག་སྐྱོབ་དང་བརྩེ་སེམས་ཟབ་མོ་དུས་རྟག་ཏུ་འཆང་ཡོད། ཁྱེད་ཚོ་ནི་ལམ་སྟོན་སྒྲོན་མེ་ལྟར་གྱི་ཕོ་ཉ་དང་ཕུགས་རེའི་ཕོ་ཉ་ཡིན་ལ། ཆེས་མཛེས་སྡུག་ལྡན་པའི་ཕོ་ཉ་དང་། དཔའ་བོ་ངོ་མའང་ཡིན། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ལས་སྟེགས་བརྒྱུད་ནད་ཁུལ་དུ་ལས་དོན་སྒྲུབ་བཞིན་པའི་སྨན་དོན་མི་སྣའི་འཐུས་མི་དང་བརྙན་ལམ་འབྲེལ་མཐུད་གནང་སྟེ་ལས་དོན་དང་འགན་སྲུང་སྐོར་གྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཞི་ཅིན་ཕིང་གིས། འཐབ་ས་དང་པོའི་སྨན་དོན་མི་སྣ་དཀའ་ལས་ཆེ་ཤོས་རེད། ཁྱེད་ཚོར་ལུས་སེམས་གཉིས་ཀར་བསམ་ཚོད་བྱེད་ཐབས་བྲལ་བའི་གནོན་ཤུགས་འཕྲད་ཡོད། ཡུན་རིང་འཐབ་ས་དང་པོར་འབད་འཐབ་བྱས་པའི་དབང་གིས་བློ་མཐུན་མང་པོ་ཞིག་གི་ངོ་གདོང་དང་ལག་པར་རྨ་བཟོས་པ་ནི་མི་སེམས་འགུལ་འོས་པ་ཞིག་ཡིན་ལ། ཁྱེད་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་སུ་འོས་པའི་མི་ཡང་ཡིན། ངས་ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་། ཞི་ཅིན་ཕིང་གིས། རྒྱ་ཆེའི་སྨན་དོན་མི་སྣས་རང་ཉིད་ཀྱི་འགོག་སྲུང་ལ་ཤུགས་སྣོན་དང་ཁོམ་པ་ཡོད་དུས་ངལ་གསོ་ཡག་པོ་བརྒྱབ་སྟེ་འཐབ་རྩོད་བྱེད་ཕོད་པ་བྱེད་དགོས་ལ་འཐབ་རྩོད་བྱེད་མཁས་པོ་ཡང་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་འགོག་སྲུང་དངོས་ཟོག་དང་འཚོ་བའི་དངོས་ཟོག་དོན་འཁྱོལ་ཡག་པོ་ཐུབ་པའི་འགན་ལེན་བྱེད་པ་དང་། གླ་ཕོགས་དང་ཐོབ་ཐང་དང་། གནས་སྐབས་རང་བཞིན་གྱི་གླ་ཕོགས་ཀྱི་ཁ་གསབ། འཕྲོད་བསྟེན་རིམས་འགོག་གི་ཕོགས་སྣོན་ཐོབ་ཐང་བཅས་དོན་འཁྱོལ་ཡག་པོ་བྱེད་པ། འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་མྱུར་དུ་འདོན་པ། ཚང་མར་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བཅས་བྱས་ནས་ཚང་མ་སྙིང་སྟོབས་རབ་ཏུ་འཕེལ་བའི་སྒོ་ནས་ལས་དོན་ནང་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཡང་བསྐྱར་འགོ་ནད་ཚན་ཁག་གི་ནད་ཁང་དང་འབྲེལ་མཐུད་གནང་སྟེ། སྨན་བཅོས་དང་ལེན་བྱེད་བཞིན་པའི་ནད་པ་དང་བཀའ་མོལ་གནང་ནས་ཁོ་ཚོའི་ནད་གཞིའི་གནས་ཚུལ་དང་སྨན་བཅོས་ཀྱི་སྐོར་མཁྱེན་རྟོགས་གནང་ཞིང་། ཁོ་ཚོར་སྨན་བཅོས་ཡག་པོ་བྱུང་ནས་ནད་གཞི་དྲག་ཏུ་ཕྱིན་པ་མཁྱེན་རྗེས་ཁོང་ལ་དགྱེས་ཚོར་ཆེན་པོ་བྱུང་། ཞི་ཅིན་ཕིང་གིས་རིམས་ནད་ཐོན་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཐོག་མ་ཉིད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་བླང་བྱ་གསལ་པོ་བཏོན་པ་དང་། ཏང་ཀྲུང་དབྱང་གིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་མཐའ་དག་སྤྱོད་སྐབས་ཐོག་མ་ཉིད་ནས་མང་ཚོགས་དེ་བས་མང་བར་ནད་ཡམས་མི་འགོ་བ་གང་ཐུབ་བྱེད་རྒྱུའི་བསམ་གཞིག་བྱས་ཏེ་ནད་པ་དེ་བས་མང་བའི་ཚེ་སྲོག་སྐྱོབ་གང་ཐུབ་བྱས་ཡོད། རྒྱལ་ཡོངས་མི་དམངས་ཚང་མས་ཁྱེད་ཚོར་ཐུགས་ཁུར་བྱེད་ཀྱི་ཡོད། སྨན་དོན་མི་སྣ་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཚང་མར་སྨན་བཅོས་དང་། ཕྱོགས་གང་ས་ཅི་ཐད་ནས་ནད་ཡམས་འགོས་པའི་མང་ཚོགས་ལ་སེམས་ཁུར། ཁོ་ཚོའི་ནང་མིར་ལྟ་རྟོག་ཡག་པོ་བཅས་བྱས་ནས་ནད་པ་བློ་བདེ་པོས་སྨན་བཅོས་དང་ལེན་བྱེད་དུ་འཇུག་དགོས། ཚང་མས་རྣམ་པར་རྒྱལ་ངེས་ཡིན་པའི་ཡིད་ཆེས་བཅངས་ནས་སྤྲོ་སྣང་ལྡན་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་དང་། རང་འགུལ་ངང་སྨན་པའི་བཀའ་ལ་ཉན་པ། སྨན་བཅོས་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ཚེ་ནད་ཡམས་ལས་རྣམ་པར་རྒྱལ་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་དང་འབྲེལ་ཁོ་ཚོར་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
     སྨན་ཁང་གི་གཞུང་དོན་ཐོག་ཁང་གི་ཕྱིའི་ཐང་ཆེན་དུ། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་གྱི་ས་ཆ་དེ་ག་དང་། དམག་དཔུང་། ཧུའུ་པེར་རོགས་སྐྱོར་བྱེད་མཁན་ས་ཁུལ་གཞན་གྱི་སྨན་དོན་མི་སྣ་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཞི་ཅིན་ཕིང་གིས་གསུངས་དོན། ཧུའུ་པེ་དང་ཝུའུ་ཧན་གྱི་མི་དམངས་ལ་རིམས་ནད་ཀྱི་རྡབ་རྡེག་ཕོག་པའི་འགག་རྩའི་དུས་སུ། རྒྱ་ཆེའི་སྨན་དོན་མི་སྣ་ཚོས་བློ་བརྟན་འགྱུར་མེད་དང་། འབད་འབུངས་སྟོབས་བརྩོན། སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་བཅས་ལས། སྨན་པའི་བྱམས་སེམས་ཅན་གྱི་བླ་ན་མེད་པའི་སྙིང་སྟོབས་མངོན་ཡོད་ལ། དུས་རབས་གསར་པའི་སྨན་དོན་མི་སྣའི་གཟུགས་བརྙན་བཟང་པོའང་མངོན་ཞིང་། དེས་ཀྲུང་གོ་དང་འཛམ་གླིང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། མིག་སྔར་རིམས་ནད་མཆེད་པའི་གནས་ཚུལ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་སྟེ་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད། འདི་ནི་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད། ཁྱེད་ཚོ་ནི་བྱས་རྗེས་ཆེ་ཤོས་འཇོག་མཁན་ཡིན་པས། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་བྱས་རྗེས་ཨང་དང་པོའི་གཟེངས་རྟགས་སྤྲོད་ངེས་ཡིན། ཏང་ཀྲུང་དབྱང་དང་ཕྱོགས་ཁག་གིས་སྔར་རྒྱུན་བཞིན་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། སྔར་རྒྱུན་བཞིན་སྨན་བཅོས་དངོས་ཟོག་མཁོ་འདོན་ལ་རོགས་སྐྱོར་ཤུགས་ཆེན། སྔར་རྒྱུན་བཞིན་ཚང་མའི་རྒྱབ་ཕྱོགས་སེམས་ཁྲལ་སེལ་བ་བཅས་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་གནས་པ་དང་ནམ་ཡང་ཁྱེད་ཚོའི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་འགག་རྩའི་དུས་མཚམས་སུ་སླེབས་པས་དཔའ་ངར་ཆེར་སྐྱེད་བྱེད་དགོས་པ་ལས་དཔའ་ཞུམ་མི་རུང་། ངར་ཤུགས་གཅིག་སྒྲིམ་གྱིས་ཡང་འབད་བསྐྱར་འབད་བྱས་ཏེ། ཐེག་ཐུབ་པ། སྲུང་ཐུབ་པ་བཅས་བྱེད་དགོས་པ་ལས་རྐང་རྗེས་ལག་སུབ་བྱ་མི་རུང་། སྨན་དོན་མི་སྣའི་བདེ་ཐང་ནི་རིམས་ནད་ལ་རྒྱལ་ཁ་ལེན་པའི་འགན་ལེན་གལ་ཆེན་རེད། བློ་མཐུན་མང་པོ་ཞིག་གིས་འདི་གར་ཟླ་བ་གཅིག་ལྷག་ཙམ་འབད་འཐབ་བྱས་ཡོད་པས། དཀའ་ཚེགས་དང་ངལ་དུབ་ཧ་ཅང་ཆེན་པོ་བྱུང་ཡོད། ཁྱེད་ཚོས་ངལ་གསོ་ཡག་པོ་རྒྱག་པ་དང་འཚོ་བཅུད་འགན་ལེན། གཟུགས་པོར་བདག་གཅེས་བྱེད་རྒྱུའི་རེ་བ་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཚང་མའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། འགོག་སྲུང་འགན་ལེན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ལས་རེས་དང་ངལ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཐབ་ས་དང་པོའི་སྨན་དོན་མི་སྣའི་བདེ་ཐང་དང་བདེ་འཇགས་འགན་ལེན་གང་ཐུབ་བྱེད་དགོས།
     ཧོ་ཧྲེན་ཧྲན་སྨན་ཁང་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་ཏུང་ཧུའུ་གྲོང་གསར་གྱི་སྡེ་ཁུལ་དུ་ཕེབས་ཏེ་སྡེ་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་དང་། སྡེ་ཁུལ་གྱི་ཞབས་འདེགས། མང་ཚོགས་ཀྱི་འཚོ་བ་འགན་ལེན་སོགས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། རིམས་ནད་ཐོན་པ་ནས་བཟུང་། སྡེ་ཁུལ་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་པ་32གཏན་འཁེལ་བྱུང་བ་དང་། བཀག་སྡོམ་རྣམ་པའི་དོ་དམ་ཚོད་འཛིན་དང་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་པ་བརྒྱུད། ཟླ་ཕྱེད་ལྷག་ཙམ་རིང་གཏན་འཁེལ་བྱུང་བའི་ནད་དཔེ་གསར་པ་མི་ཐོན་པ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཁྱིམ་དུ་ལོགས་སུ་བཞག་པའི་གྲོང་མིས་ཉི་གཡབ་དང་སྒེའུ་ཁུང་ནས་ལག་པ་གཡུག་སྟེ་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཀྱང་ཚང་མར་ཕྱག་གཡུག་གཡུག་ཡང་ཡང་གནང་ནས་གུས་ལན་དང་འཚམས་འདྲི་གནང་བ་རེད།
     སྡེ་ཁུལ་གྱི་འཚོ་བའི་དངོས་ཟོག་གཅིག་སྡུད་སྡེབ་སྐྱེལ་ས་ཚིགས་སུ། ཞི་ཅིན་ཕིང་གིས་འབྲས་དང་། གྲོ་ཞིབ། བཟའ་སྣུམ། དེ་བཞིན་ཚལ་རིགས་དང་ཤིང་ཏོག་སོགས་འཚོ་བའི་དངོས་ཟོག་ཉོ་སྒྲུབ་དང་མཁོ་སྤྲོད་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་དང་། འཕྲོད་བསྟེན་ཞབས་ཞུ་ས་ཚིགས། སྡེ་ལས་ལྟེ་གནས་སོགས་ཀྱི་འཁོར་རྒྱུག་གནས་ཚུལ་ལ་གཟིགས་ཞིབ་གནང་རྗེས། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་དོ་དམ་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན། མཉམ་འགོག་མཉམ་བཅོས་བཅས་ཀྱི་ལས་དོན་ལ་མཁྱེན་རྟོགས་གནང་ནས་ཁོ་ཚོའི་ལས་དོན་ལ་ཁས་ལེན་གནང་བ་རེད།
     སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་པ་དང་། གཞི་རིམ་གྱི་མི་དམངས་ཉེན་རྟོག་པ། འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ཀྱི་སྨན་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མ་ཡིན་པའི་སྡེ་ཁུལ་གྱི་ལས་འགན་ཧ་ཅང་ལྕི་བས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཞུགས་མཁན་བློ་མཐུན་ཚོའི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཚང་མས་ཉིན་མཚན་དབྱེར་མེད་དུ་ངལ་བ་ཁྱད་དུ་བསད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རིམས་ནད་ཁྱབ་མཆེད་བཀག་འགོག་དང་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་ལས། ཝུའུ་ཧན་གྱི་ཏང་ཡོན་དང་ལས་བྱེད་པས་རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པ། སྤྱི་ཡོངས་ལ་ལྟ་རྟོག ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་སྙིང་སྟོབས་མངོན་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པར་འཐབ་ས་གཉིས་ཡོད་ཅིང་། གཅིག་ནི་ནད་བཅོས་སྲོག་སྐྱོབ་ཀྱི་འཐབ་ས་སྟེ་སྨན་ཁང་དང་། གཅིག་ཤོས་ནི་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་སྟེ་སྡེ་ཁུལ་རེད། རྒྱུན་སྲིང་ལྷོད་མེད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་སྡེ་ཁུལ་ལ་ཐུག་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་སྡེ་ཁུལ་གྱི་ནུས་པ་གལ་ཆེན་གང་ལེགས་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་སྡེ་ཁུལ་དུ་ཁྱབ་པ་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཁུལ་ཡོད་དོ་ཅོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་ཡག་པོ་རྒྱག་པར་མི་དམངས་ལ་དམ་པོར་རྟེན་དགོས། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ་དང་། མང་ཚོགས་སྐུལ་སློང་བྱས་ཏེ་མཉམ་འགོག་མཉམ་སྡོམ་གྱི་མི་དམངས་ཀྱི་འཛིང་རགས་ཤིག་སྐྲུན་དགོས།
     ས་ཡུལ་དངོས་སུ་རྟོག་ཞིབ་གནང་གྲུབ་རྗེས། ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དང་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་སྙན་སེང་གསན་པ་རེད།
     སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུ་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་གཙོ་གནད་རྒྱབ་སྐྱོར་བྱས་པ་དང་། ཁྱབ་ཆེ་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་ནས་རིམས་ནད་མཆེད་པའི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཡོད། མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་བཅས་ཀྱིས་རོགས་རམ་ཤུགས་ཆེན་བྱས་ཏེ་འཕྲལ་མར་རོགས་སྐྱོར་བྱེད་པར་བསྐྱོད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་རྒྱག་འགོ་བཙུགས་ཡོད། ངལ་བ་ཁྱད་བསད་ཀྱིས་འབད་འཐབ་བྱས་པ་བརྒྱུད། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པའི་རྣམ་པ་ཐོན་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ནས། དུས་བབ་བརྟན་ལྷིང་དང་རྣམ་པ་འགྱུར་བའི་དམིགས་ཚད་མངོན་འགྱུར་རགས་ཙམ་བྱུང་ཡོད། མིག་སྔར་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེན་པོ་ཡོད། དེས་ན་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་ཕྲག་ཏུ་ཁུར་ནས་ཚོད་བགམ་ཐེག་པར་བྱེད་པ། སྤྱོད་ཚུལ་དེ་བས་ནན་པོ་དང་བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ཨང་དང་པོར་བཞག་སྟེ་ཚན་རིག་དང་མཐུན་པ་དང་གནད་སྨིན་སྐྱོབ་བཅོས་ཐད་ཤུགས་སྣོན་བརྒྱབ་ནས་དྲག་སྐྱེད་ཡོང་ཚད་མཐོ་རུ་གང་ཐུབ་དང་ན་ཚད་དང་འཆི་ཚད་དམའ་རུ་གང་ཐུབ་གཏོང་དགོས། “གཅིག་སྡུད་བཞིའི”བྱ་ཐབས་སྔར་བས་དོན་འཁྱོལ་བྱས་ཏེ་ལེགས་ཆའི་སྨན་བཅོས་ཀྱི་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གཅིག་སྡུད་བྱས་ནས་ནད་པ་སྐྱོབ་བཅོས་དང་། ཞིབ་འཇུག་གསར་སྤེལ་དང་འདེམས་སྒྲུག་བྱས་ཟིན་པའི་གོ་ཆོད་སྨན་རྫས་མགྱོགས་མྱུར་ཁྱབ་གདལ་དང་བེད་སྤྱོད་བཏང་ནས་སྐྱོབ་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྨན་སྤྱོད་ཀྱི་སྔོན་འགོག་ཚོད་འཛིན་དངོས་ཟོག་ཐོན་སྐྱེད་དང་། མཁོ་སྤྲོད། བཀོད་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་པ་དང་སྨན་ཁང་ནས་དོན་ཟིན་པའི་ནད་པ་དྲག་སྐྱེད་ཀྱི་སྨན་བཅོས་ལས་དོན་ཡག་པོ་སྒྲུབ་དགོས། སྨན་བཅོས་ནད་སྐྱོང་གི་སྟོབས་ཤུགས་དང་སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འདོམས་ལ་ཤུགས་སྣོན། ནད་པ་གཞན་དག་གི་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོར་ཕྱོགས་ཡོངས་ནས་ལྟ་རྟོག་བྱས་ཏེ་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་གཙོ་གནད“སྔོན་འགོག”ལ་ཐུག་ཡོད། ད་ལྟ་ནི་འགག་རྩའི་དུས་སུ་སླེབས་པས། ངེས་པར་དུ་ཨམ་གཙིགས་བསྡམས་ནས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ལ་དམ་པོར་རྟེན་པ་དང་། མི་དམངས་མང་ཚོགས་ལ་སྐུལ་སློང་གང་ལེགས་བྱེད་པ། མང་ཚོགས་ཀྱི་རང་ངོས་ཞབས་འདེགས་དང་རང་ངོས་འགོག་སྲུང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགྲོ་འོང་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་ནད་རིག་པའི་བརྟག་ཞིབ་ལས་དོན་གཏིང་ཟབ་སྤེལ་དགོས། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བྱེད་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག བདེ་ཐང་དོ་དམ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པའི་སྔོན་འགྲོའི་འོག“གཅིག་གཏད་གཅིག་དང་གཅིག་འཐུས་རྣམ་པའི”བྱ་ཐབས་སྤྱད་ནས་གཅིག་སྡུད་གནད་སྨིན་གྱི་སྒོ་ནས་ལས་མི་བདེ་འཇགས་ངང་ལས་གནས་སུ་ལོག་ཐུབ་པ་དང་། ཧུའུ་པེར་ལུས་པའི་ཡུལ་གཞན་གྱི་མི་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕ་ཡུལ་དུ་ལོག་པར་རོགས་རམ་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། སྨན་བཅོས་ཀྱི་སྟོབས་ཤུགས་ཞན་པའི་གྲོང་ཁྱེར་དང་ཀྲོའུ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་རིགས་གཅིག་མཁས་ཅན་ཚོགས་པའི་ནུས་པ་འདོན་པ། སྐོར་སྐྱོད་ནད་བརྟག་སྨན་བཅོས་དང་རྒྱང་ཁྲིད་ནད་དཔྱད་སོགས་བྱ་ཐབས་ནུས་ལྡན་འཚོལ་ཞིབ། སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་སྨན་དོན་མི་སྣ་དང་གཞི་རིམ་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དགོས་ངེས་ཀྱི་འགོག་སྲུང་དངོས་ཟོག་མཁོ་འདོན་བྱེད་དགོས། མང་ཚོགས་སྐུལ་སློང་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་དང་མང་ཚོགས་ལ་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་འཚོ་བའི་གོམས་གཤིས་ཡག་པོ་འཇགས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམངས་འཚོ་བརྟན་པོ་བྱུང་ན་མི་སེམས་དང་སྤྱི་ཚོགས་བརྟན་པོ་ཡོང་ཐུབ། ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་ཚབས་ཆེན་ས་ཁུལ་གྱི་མང་ཚོགས་ལོགས་སུ་བཞག་ནས་དུས་ཡུན་རིང་པོ་འདི་འདྲ་སོང་བས། ཁོ་ཚོའི་སུན་སྣང་གི་བྱེད་སྟངས་ལ་བསམ་ཤེས་དང་། བཟོད་སྒོམ། བསྟུན་མཁས་བཅས་བྱེད་པ་དང་ཕྱོགས་ཁག་གི་ལས་དོན་སྒྲུབ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་བསམ་གཞིག་གང་ལེགས་བྱེད་པ་དང་། ཁྲོམ་རའི་མཁོ་སྤྲོད་དགོས་མཁོ་དང་རིན་གོང་འཕར་ཆག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ནས་འབྲས་དང་། གྲོ་ཞིབ། འབྲུ་རིགས། བཟའ་སྣུམ། ཤ སྒོ་ང་། འོ་མ་སོགས་འཚོ་བའི་དགོས་ངེས་མཁོ་ཆས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་རྐྱེན་པས་ཁྱིམ་དུ་ལོགས་སུ་བཞག་པའི་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་འགན་ལེན་བྱེད་མཁན་འབྲེལ་གཏུག་མི་སྣ་དོན་འཁྱོལ་དང་། འཚམས་འདྲི་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས། སེམས་གསོ་གཏོང་བ་དང་སེམས་ཁམས་སློབ་གསོར་ཤུགས་སྣོན་དང་ལྷག་པར་དུ་ནད་པ་དང་། དེའི་ནང་མི། དེ་བཞིན་ནད་པ་གྲོངས་པའི་ནང་མི་སོགས་ཀྱི་སེམས་གསོར་ཤུགས་སྣོན་རྒྱག་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཡིད་ཆེས་བརྟན་པོ་དང་། མི་སེམས་བདེ་བ། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་གཏོད་དགོས། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་དང་། སྤྱི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཐོན་སྲིད་པའི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ད་རེས་ཀྱི་རིམས་ནད་ལས་དུས་ཐུང་ནང་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་སྲིད་མོད། འོན་ཀྱང་དཔལ་འབྱོར་ལེགས་ཐོག་ཡར་བརྩོན་དང་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་འགྲོ་མི་སྲིད། སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་འོག་ཧེ་བག་ཅན་གྱི་བྱེད་ཐབས་སྤྱད་དེ། ཁུལ་དབྱེ་རིམ་དབྱེ་དང་རིགས་དབྱེ་དུས་དབྱེའི་ངང་ཆ་རྐྱེན་འཛོམས་རིགས་དུས་ཚོད་འོས་འཚམ་ནང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། རྒྱལ་ཁབ་ཀྱིས་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁེ་ལས་ལ་རོགས་སྐྱོར་དང་། ལས་གནས་བརྟན་པོ། ལས་ཞུགས་རྒྱ་ཆེ་སོགས་ཀྱི་ལས་དོན་སྤེལ་དགོས་པ་དང་། “བརྟན་པོ་དྲུག”གི་བྱེད་ཐབས་ནུས་ལྡན་སྤྱད་དེ་དཔྱིད་རྨོད་ཐོན་སྐྱེད་དང་ཞིང་པ་ལས་ཞུགས་འབབ་འཕར་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཁག་གིས་ཧུའུ་པེར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཧུའུ་པེར་དངོས་ཡོད་དཀའ་ངལ་དང་གནད་དོན་ཞིབ་ཕྲ་ཐག་གཅོད་བྱེད་རོགས་བྱས་ནས་ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་ལམ་སྲོལ་དུ་སྔ་ཙམ་སྐྱོད་ཐུབ་པ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་རེས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་རེད། དེ་ལས་ཉམས་མྱོང་གསོག་ཐུབ་ལ་བསླབ་བྱའང་འཐོབ་སྲིད། མིག་རྒྱང་རིང་པོས་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་ཏེ། བཅོས་སྐྱོང་མ་ལག་གི་ཞན་ཆ་དང་ཉམས་ཞན་གྱི་ཆ་གང་མགྱོགས་བསལ་ནས་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་ཆེད་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས། གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་ནུས་ལྡན་བཏང་སྟེ། “དུས་འཁོར་ཧྲིལ་པོའི་དོ་དམ”གྱི་འདུ་ཤེས་བཙུགས་ནས་ཤིན་ཏུ་ཆེ་བའི་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་བཅོས་སྐྱོང་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། རང་རེའི་ཏང་ནི་ནང་རྩོད་ཕྱི་འཁྲུག་གི་ཁྲོད་དུ་དབུ་བརྙེས་པ་དང་། དཀའ་ཚེགས་ཆེ་ལ་ཀྱག་ཀྱོག་གི་ལམ་བུའི་ཁྲོད་དུ་འཚར་ལོངས་བྱུང་བ། འགག་སྒྲོལ་དཀའ་སེལ་ཁྲོད་སྟོབས་ཆེར་སོང་བ་ཞིག་རེད། འཐབ་རྩོད་བྱེད་ཕོད་པ་དང་རྣམ་པར་རྒྱལ་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་སྤྱོད་བཟང་ཞིག་ཡིན་ལ། ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཀྱང་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་ཕྲག་ཏུ་ཁུར་ནས་ཚོད་བགམ་ཐེག་པར་བྱེད་དགོས་ཤིང་། ཚོད་བགམ་འདིའི་ཁྲོད་དུ་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པའི་སྙིང་སྟོབས་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ལམ། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཇུས་གཞི། སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་འཇོན་ཐང་བཅས་ལ་ཞུན་བརྡར་བཏང་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་དང་མངའ་ཁོངས་སྲུང་བའི་ཐབས་ཇུས་ཡོད་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་ཚོར་སེམས་ནུས་དེ་བས་མང་བ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཞོག་ཏུ་འཇུག་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་དཀའ་ཉེན་ཆེ་བའི་དུས་སུ་དེ་བས་ཀྱང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཏེ། དམག་འཐབ་ཆེ་མོར་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་ཚོད་བགམ་ཆེན་པོར་ཚད་གཞི་ལོན་པའི་རྒྱུགས་ལན་འབུལ་དགོས་པའི་སྐུལ་ལྕག་བྱེད་དགོས།
     ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པར་བརྟེན་ནས་འཚོགས་པ་དང་། ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་13དང་ཞིང་ཆེན་གྱི་ཐད་གཏོགས་རྫོང་རིམ་པའི་སྲིད་འཛིན་ཚན་པ་4རུ་ཡན་ལག་ཚོགས་ར་བཙུགས་པ། ས་གནས་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཀྲོའུ་ཁག་ལ་རོགས་སྐྱོར་བྱེད་མཁན་ཡུལ་གཞན་གྱི་སྨན་བཅོས་རུ་ཁག་གི་རུ་སྣེ་འཁྲིད་མཁན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཏིང་ཞུའེ་ཞང་དང་། ཀྲང་ཡིའུ་ཞ། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

ཟླ་3ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་འཚོ་བའི་དངོས་ཟོག་གཅིག་སྡུད་སྡེབ་སྐྱེལ་ས་ཚིགས་སུ་ཕེབས་ཏེ་སྡེ་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་ཉོ་སྒྲུབ་དང་མཁོ་སྤྲོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།
ཟླ་3ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་འཚོ་བའི་དངོས་ཟོག་གཅིག་སྡུད་སྡེབ་སྐྱེལ་ས་ཚིགས་སུ་ཕེབས་ཏེ་སྡེ་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་ཉོ་སྒྲུབ་དང་མཁོ་སྤྲོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།

  
style="display:none;"