མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕུའུ་ཅན་ཧྲོའུ་ཉིང་རྫོང་ཞ་ཏང་ཤང་གི་ཡུལ་མི་སྤུན་ཟླ་ཚོར་འཕྲིན་ལན་སྤྲིངས་ནས་མུ་མཐུད་
ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ཧུར་བརྩོན་ཆེན་པོས་ཕུའུ་ཅན་ཤར་རྒྱུད་
ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས་པའི་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་07ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕུའུ་ཅན་ཞིང་ཆེན་ཧྲོའུ་ཉིང་རྫོང་ཞ་ཏང་ཤང་གི་ཡུལ་མི་སྤུན་ཟླ་ཚོར་འཕྲིན་ལན་སྤྲིངས་ནས་ཁོ་ཚོ་དབུལ་སྒྲོལ་ཐུབ་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཁོ་ཚོར་ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ཧུར་བརྩོན་ཆེན་པོས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཞ་ཏང་ཤང་དབུལ་སྒྲོལ་ཐུབ་པ་དང་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་ཤེས་རྗེས་ང་ཧ་ཅང་དགའ་པོ་བྱུང་། ཚང་མར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་དེ་སྔ་“ལན་གསུམ་ཞ་ཏང་དུ་བསྐྱོད་པའི”དཀའ་ངལ་ཧ་ཅང་ཆེ་བའི་རྣམ་པ་ད་བར་ངའི་མིག་ལམ་དུ་གསལ་ལྷམ་མེར་ཤར་གི་འདུག ལོ་30ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཞ་ཏང་ཤང་གི་འོབས་དོང་བདེ་ལམ་དུ་འགྱུར་ནས་རྣམ་པ་གསར་རྐྱང་དུ་འགྱུར་བས། ཡུལ་མི་ཚོར་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་དེ་བས་མང་བ་བྱུང་ཡོད། དེ་ལས་ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་བའི་གནས་ལུགས་གསོན་ཉམས་དོད་པོས་མཚོན་ཡོད་ཅེས་གསུངས།
     ཞི་ཅིན་ཕིང་གིས་ཡུལ་མི་ཚོས་མུ་མཐུད་ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཡིད་ཆེས་བརྟན་པོ་དང་། འབད་བརྩོན་ལྷོད་མེད། སྙིང་རུས་གཏན་འཁྱོངས་བཅས་ཀྱིས་དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་ནས་ཕུའུ་ཅན་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་འབད་བརྩོན་ཆེན་པོས་བཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
     ཞ་ཏང་ཤང་ནི་ཕུའུ་ཅན་ཤར་རྒྱུད་ཀྱི་ཉིང་ཏེའི་རི་ཁུལ་དུ་གནས་ཡོད་ཅིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་བར་ཤང་ཡོངས་སུ་གཞུང་ལམ་གཅིག་ཀྱང་མེད་པས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་དང་ལམ་བར་དུ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཅན་དུ་ལས་ཀ་གནང་སྐབས། ཞ་ཏང་ཤང་དུ་ལན་གསུམ་ཕེབས་ནས་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་ཡོད། ཐེངས་དང་པོ་ནི་1989ལོའི་ཟླ་7ཚེས་19ཉིན་ཡིན་ཞིང་། སྐབས་དེ་དུས་ཉིང་ཏེ་ས་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་རླངས་འཁོར་ལ་ཆུ་ཚོད་3ཙམ་བསྡད་པ་དང་། རྐང་ཐང་མར་ཚུ་ཚོད་2ལྷག་ཙམ་བསྐྱོད་དེ་ཚ་གདུང་ལ་མ་འཛེམས་པར་ཞ་ཏང་ཤང་དུ་ཕེབས་ནས་དབུལ་པོར་བདེ་སྡུག་འདྲི་བ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་རོགས་བྱས་པ་རེད། ཉེ་ཆར། ཡུལ་མི་སྤུན་ཟླ་ཚོའི་མངགས་བཅོལ་ལྟར་ཞ་ཏང་ཤང་གི་ཏང་ཡོན་ལས་བྱེད་མང་ཚོགས་6གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཞ་ཏང་ཤང་དབུལ་སྒྲོལ་བྱུང་བའི་གཏམ་བཟང་སྙན་སེང་ཞུས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་མཚོན་པར་བྱས་པ་རེད།

  
style="display:none;"