མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་01ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་ འཇུག་གནང་བ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》དང 《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་གནང་བ།
     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ■ ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གཞི་ཆེའི་སྲིད་ཇུས་བརྟན་པོ་དང་གཞི་ཆུང་སྲིད་ཇུས་བབ་བསྟུན་དང་སྤྱི་ཚོགས་སྲིད་ཇུས་ཐ་སྐྱོང་བཅས་ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སེལ་བ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་དག་ལེགས་པར་བསྒྲུབ་རྒྱུར་སྤྱི་འདོམས་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་འབྲེལ། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》དང《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུ་ཐོག་ངོས་འཛིན་དོན། འདི་ལོ་ཚུན་དུ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མང་དུ་མངོན་གསལ་དོད་པོ་ཕྱིན་པའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་། སྤྱི་ཁོག་སྲིད་ཇུས་ཐད་འཁོར་རྒྱུག་ཟློག་པའི་ལེགས་སྒྲིག་འོས་འཚམ་ཚད་རན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་སྟོད་དུ་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་བྱུང་བ་དང་། སྤྱི་ཁོག་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལུགས་མཐུན་ཁུལ་དུ་གནས་རྒྱུ་རྒྱུན་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་ཐེབས་པ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། ལས་ཞུགས་གང་ལེགས་བྱུང་བ། གནད་སྨིན་དབུལ་སྒྲོལ་ལ་གོ་རིམ་ལྡན་པའི་སྐུལ་འདེད་ཐེབས་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་མཐུན་རྐྱེན་མང་དུ་ཕྱིན་པ་བཅས་བྱུང་ཡོད།
     ཚོགས་འདུའི་ཐོག་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཉེན་ཁ་དང་འགྲན་སློང་གསར་པ་ཕྲད་པ་དང་། རྒྱལ་ནང་གི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཕུགས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། འགལ་ཟླ་གཙོ་བོ་དམ་འཛིན་བྱེད་པ། ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པ། རང་གི་དོན་དག་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གཞི་ཆེའི་སྲིད་ཇུས་བརྟན་པོ་དང་། གཞི་ཆུང་སྲིད་ཇུས་བབ་བསྟུན། སྤྱི་ཚོགས་སྲིད་ཇུས་ཐ་སྐྱོང་བཅས་ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སེལ་བ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་དག་ལེགས་པར་བསྒྲུབ་རྒྱུར་སྤྱི་འདོམས་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་གནང་དོན། “བརྟན་པོ་དང་། ཤུགས་སྣོན། མཐོར་གཏོང་། ཤར་བགྲོད”བཅས་ཀྱི་མཛད་ཕྱོགས་ལ་དམ་པོར་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་ཆེ་རུ་དང་ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ནང་གི་དགོས་མཁོའི་གཏིང་ཤུགས་འདོན་སྤེལ་གཏིང་ཟབ་བྱེད་པ་དང་། མཐའ་མའི་དགོས་མཁོ་རྒྱ་སྐྱེད་དང་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཁྲོམ་ར་ནུས་ལྡན་གཉེར་བ། སྒྱུར་བཅོས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་ལས་དོན་གྱི་ལོ་ལྔའི་འཆར་འགོད་དོན་འཁྱོལ་བྱེད་ཆེད། ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་ལེན་བསྟར་བ་དང་། “སྲུང་སྐྱོང་གཉིས”རྩ་བའི་རྩ་དོན་དང་ལས་འགན་ཨང་དང་པོར་བརྩི་བ། རིམ་ཁག་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་བ་དང་། སྲུང་བ། གཙང་སྒྲུབ་བཅས་བྱེད་པ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ནན་པོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཛོལ་བྱུང་རིགས་ལ་ངེས་པར་དུ་བདའ་འདེད་གཏོང་བ་དང་། འགན་འཁྲི་བདའ་འདེད་ངེས་པར་དུ་ནན་པོ་བཏང་ནས་ལམ་ལུགས་ཀྱི་དམ་ནན་རང་བཞིན་ཆགས་པར་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་སྒྲིག་ཨུད་ཀྱིས་ལྟ་སྐུལ་གྱི་ཆེད་འགན་ཡག་པོ་འཁུར་དགོས། ཏང་གི་ལས་དོན་ལས་ཁུངས་ཀྱིས་འགན་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་བདའ་འདེད་གཏོང་ཕོད་པ་དང་གཏོང་མཁས་པོ་བྱས་ནས་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་ཆབ་སྲིད་སྐོར་གཟིགས་བྱེད་ཟབ་ཏུ་གཏོང་བ་དང་སྐོར་གཟིགས་ཀྱི་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་བ་གཏོད་ཆེད་བཀོད་སྒྲིག་ཁ་གསལ་གནང་ཡོད།
     ཚོགས་འདུ་ཐོག་ནན་བཤད་གནང་དོན། སྐོར་གཟིགས་ཀྱི་གནས་ཚུལ་ལས་བལྟས་ཚེ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་། སྒྱུར་བཅོས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཚན་རྩལ་ཡར་ཐོན། རྒྱལ་སྲུང་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་མོད། འོན་ཀྱང་ད་དུང་མངོན་གསལ་དོད་པའི་གནད་དོན་ཁ་ཤས་གནས་ཡོད་པ་རེད།

  
style="display:none;"