མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ལོ་40ཡི་གོང་ཁོ་ལོམ་པི་ཡ་སྲིད་གཞུང་གིས་དུས་གནས་རྟོགས་དཔྱོད་ངང་ཀྲུང་གོ་དང་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་པ་དང་ཙུང་ཐུང་སྐུ་ཞབས་མཆོག་གི་ཡབ་ཆེན་ནི་སྐབས་དེའི་སྲིད་གཞུང་གི་ཁོངས་མི་ཡིན་པས་ཐབས་ཇུས་དེར་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་འཛུགས་པའི་དཔང་པོ་གནང་ཡོད། ད་ཆ་ཀྲུང་གོ་དང་ཁོ་ལོམ་པི་ཡ་དབར་གྱི་འབྲེལ་བ་གོང་འཕེལ་གྱི་རྒྱུག་མཐུད་དབྱུག་པ་དེ་ཁྱེད་དང་ངའི་ལག་ཏུ་ཡོད། ད་ཐེངས་ཁྱེད་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྱེད་ཀྱིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུར་ཧུར་ཐག་གཞོལ་བ་མཚོན་གྱི་ཡོད་པས་ངས་དེར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་མཚམས་ཚིགས་གལ་ཆེན་དེར་དམིགས་ཏེ་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་མཉམ་དུ་བཀོད་ནས་ཀྲུང་གོ་དང་ཁོ་ལོམ་པི་ཡ་དབར་གྱི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་དབར་གྱི་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། ཕན་ཚུན་བསམ་ཤེས་གང་ཐུབ་བྱེད་པ། ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས། ཁོ་ལོམ་པི་ཡས་ཞི་བའི་འཕེལ་རིམ་དང་གདོང་ཐུག་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་མ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་དུ་གཏོང་བ། ཁྱབ་ཁོངས་གསར་པའི་མཉམ་ལས་གསར་འབྱེད་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུས་ཏེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཡོང་བ་བྱ་རྒྱུ་ཡིན། ཁྲིམས་འཛིན་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏོང་བ་དང་། དམངས་སེམས་ཀྱི་བར་ཐག་ཉེ་རུ་གཏོང་བ། མཛའ་མཐུན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་མ་ལག་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྒྲིག་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དེ་སྔར་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་མཉམ། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་དང་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ལྡན་པ་ནི་རྒྱལ་སྤྱིའི་གནས་སྟངས་ཁྲོད་སྣང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གི་མི་དམངས་ཚོས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་འགྲོ་ལམ་གྱི་ཁེ་དབང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་ལ་ཏིང་མེ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ནས་གླེང་མོལ་དང་གྲོས་མོལ་བརྒྱུད་ཝེ་ནེ་ཙུའེ་ལ་སོགས་ས་ཁུལ་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་འདོད་ཡོད་ལ། ཁོ་ལོམ་པི་ཡ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།
     ཏུའུ་ཁེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་རྟེན་འབྲེལ་ཞུ་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པར་ངས་རྗེས་སུ་ཡི་རངས་ཞུ་རྒྱུ་མ་ཟད། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོ་ལོམ་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་ཉེར་ཡོད་པས། ངའི་རེ་བར་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། མཉམ་སྦྲེལ་མཉམ་མཐུད། གྲངས་གཞིའི་དཔལ་འབྱོར། གསར་གཏོད་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྲུང་གོའི་ཁེ་ལས་ཁོ་ལོམ་པི་ཡར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཁོ་ལོམ་པི་ཡ་ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་ཚང་མ་ནི་ཁོ་ལོམ་པི་ཡའི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་ཤ་སྟག་ཡིན་པས་དེ་དག་གིས་ཁོ་ལོམ་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"