མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་01ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ གཅིག་ནི་དཔལ་འབྱོར་གྱི་གནས་ཚུལ་ལ་ངོས་འཛིན་ཡང་དག་བྱས་ནས་ཡིད་ཆེས་ཆེ་རུ་དང་ཆོད་སེམས་བརྟན་དུ་གཏོང་དགོས་པ་དང་། གཉིས་ནི་གཙོ་གནད་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ་ལེགས་ཆ་འདོན་སྤེལ་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས་པ། གསུམ་ནི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ལྟ་སྟངས་ཡང་དག་འཛིན་ནས་འགན་འཁྲི་འཁུར་ཕོད་པ་དང་སེམས་ནུས་གང་ཡོད་འདོན་སྤེལ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་ཀྱི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཡིད་ཆེས་ཆེར་གཏོང་དང་། ངེས་ཤུགས་རྒྱུན་འཁྱོངས། གཏིང་ཤུགས་བརྟན་གཏོང་བཅས་ཀྱི་སྒོ་ནས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། ང་ཚོས་དཔལ་འབྱོར་འཁོར་སྐྱོད་བྱེད་རིང་གི་དཀའ་ངལ་དང་གནད་དོན་མཐོང་ཐུབ་པ་བྱེད་དགོས་ལ་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་རྣམ་པར་ཡང་འགྱུར་ལྡོག་མེད་པ་མཐོང་ཐུབ་པ་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བློ་བརྟན་འགྱུར་མེད་ངང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད། ལི་ཁེ་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་ཆབས་ཅིག་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དགོངས་གཞི་ངོ་སྤྲོད་གནང་བ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཕུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལི་ཏའོ་ཁུའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
     ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་འགག་རྩའི་ལོ་ཞིག་རེད། འདི་ལོ་ཤར་ཚུན་རྒྱལ་སྤྱི་རྒྱལ་ནང་གི་རྙོག་འཛིང་ཆེ་བའི་དུས་བབ་འཕྲད་སྐབས་ཀྲུང་གུང་ཀྲུང་དབྱང་གིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་གཏོང་དང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆར་བརྟན་པོ་དང་བརྟན་ཐོག་ཡར་བརྩོན་དེ་བཞིན་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ཡོང་བར་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། གཞི་ཆུང་གི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པས་སྤུས་ཚད་མཐོ་བའི་བརྟག་ཞིབ་ཀྱི་གྲུབ་འབྲས་རབ་དང་རིམ་པ་གྲུབ་སྟེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་གཏན་འབེབས་ཐད་དཔྱད་གཞི་གལ་ཆེན་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚང་མས་གཏམ་བཤད་བྱེད་རིང་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་ཇི་ལྟར་བྱས་ཏེ་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་དེ་བཞིན་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་དམིགས་སའི་རང་བཞིན་ཆེན་པོ་ལྡན་པའི་ཞིབ་ཕྲའི་བསམ་འཆར་བཏོན་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ལོ་སྨད་དུ་ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་ཡིན་པས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་སྟབས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡང་འབད་བསྐྱར་འབད་དང་མུ་མཐུད་མདུན་སྐྱོད་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཚང་མར་རེ་བ་གསུམ་བཏོན་གནང་བ་སྟེ། གཅིག་ནི་དཔལ་འབྱོར་གྱི་གནས་ཚུལ་ལ་ངོས་འཛིན་ཡང་དག་བྱས་ནས་ཡིད་ཆེས་ཆེ་རུ་དང་ཆོད་སེམས་བརྟན་དུ་གཏོང་དགོས་པ་དང་། གཉིས་ནི་གཙོ་གནད་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ་ལེགས་ཆ་འདོན་སྤེལ་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས་པ། གསུམ་ནི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ལྟ་སྟངས་ཡང་དག་འཛིན་ནས་འགན་འཁྲི་འཁུར་ཕོད་པ་དང་སེམས་ནུས་གང་ཡོད་འདོན་སྤེལ་བྱེད་དགོས་པ་བཅས་རེད།

  
style="display:none;"