འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་དང་ཐེ་རོན་ཕུ་གཉིས་ཟླ་7པའི་ཟླ་དཀྱིལ་དུ་ཧེར་སིན་ཁི་རུ་མཇལ་འཛོམས་བྱ་རྒྱུ་
    ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཟླ་6ཚེས་28ཉིན། ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་ཅུས་ཀྱིས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་གཉིས་ཟླ་7ཚེས་16ཉིན་ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁི་(Helsinki)རུ་མཇལ་འཛོམས་བྱ་རྒྱུ་ཡིན་པ་བཤད།
       ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་ཅུས་ཀྱིས་ཉིན་དེར་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ལས།  ཨུ་རུ་སུ་དང་ཨ་རིའི་འགོ་ཁྲིད་པ་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་དབར་གྱི་ད་ལྟའི་འབྲེལ་བའི་གནས་བབ་དང་། མ་འོངས་པའི་འཕེལ་རྒྱས། རྒྱལ་སྤྱིའི་གནད་དོན་གལ་ཆེན་བཅས་ལ་གྲོས་མོལ་བྱ་རྒྱུ་རེད་ཅེས་བཤད་པ་རེད།   
         གཞན་ཡང་། ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཝང་ཧྲ་ཁོ་ཧྥུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཕྱོགས་གཉིས་པོས་མཇལ་འཛོམས་བྱེད་སའི་ས་གནས་གདམ་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་བསམ་གཞིག་ཡང་དག་བྱས་ཡོད་པ་དང་། མཇལ་འཛོམས་མཇུག་སྒྲིལ་རྗེས་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མཉམ་དུ་གསར་འགོད་པའི་ཚོགས་འདུར་ཞུགས་རྒྱུ་མ་ཟད། ད་དུང་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་རེད།
         ཨ་རིའི་ཕོ་བྲང་དཀར་པོས་ཉིན་དེར་གནས་ཚུལ་འདི་ར་སྤྲོད་བྱས་པ་རེད། ཕོ་བྲང་དཀར་པོས་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་བ་ལས། ཐེ་རོན་ཕུ་དང་ཕུའུ་ཅིང་རྣམ་གཉིས་ཟླ་7ཚེས་16ཉིན་ཧེར་སིན་ཁི་(Helsinki)རུ་མཇལ་འཛོམས་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱིས་ཨ་རི་དང་ཨུ་རུ་སུ་དབར་གྱི་འབྲེལ་བ་དང་རྒྱལ་ཁབ་བདེ་འཇགས་སྐོར་གྱི་གྲོས་གཞི་རབ་དང་རིམ་པར་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བཤད།
         ཉིན་དེར་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐའོ(Sauli Niinisto)ཡིས་གསལ་བསྒྲགས་ནང་དུ། ཟླ་7ཚེས་16ཉིན་ཧེར་སིན་ཁི་(Helsinki)རུ་སྤེལ་རྒྱུའི་ཨ་རི་དང་ཨུ་རུ་སུའི་འགོ་ཁྲིད་པའི་མཇལ་འཛོམས་ཀྱིས་འཛམ་གླིང་ཞི་བདེ་ཡོང་རྒྱུར་ཕན་ཐོག་རྒྱུའི་རེ་བ་ཡོད་པ་བཤད།  ཁོང་གིས། མཇལ་འཛོམས་གྱི་ཞིབ་ཕྲའི་གོ་རིམ་ད་དུང་གྲོས་མོལ་བྱ་ནས་གཏན་འཁེལ་བྱེད་དགོས་མོད། འོན་ཀྱང་ཕྱོགས་གཉིས་ཀས་རྒྱལ་སྤྱིའི་གནས་བབ་སྐོར་ལ་གྲོས་བསྡུར་བྱ་སྲིད་པ་མ་ཟད། ད་དུང་དམག་དཔུང་ཚོད་འཛིན་དང་དམག་མི་ཉུང་གཏོང་སྐོར་གྱི་གནད་དོན་ལའང་གྲོས་བསྡུར་བྱ་སྲིད་ཅེས་བཤད།    
      

    ཕྱོགས་བསྡུས་གསར་འགྱུར།