འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་སུ་ཞིང་ཆེན་སྒྲོལ་ནས་བཟའ་ཚང་མྱུར་སྒྲིག་བྱས་རྗེས་ཀྱི་བདེ་སྐྱིད་ལྡན་
    པའི་འཚོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ལོ་38ལ་སོན་པའི་ལུའོ་ཆི་མིང་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་ལས་ཀ་ཙག་ཙིག་བྱས་ནས་ཡོང་འབབ་ཏོག་ཙམ་བྱུང་རྗེས་ཕ་ཡུལ་མཚོ་སྔོན་དུ་ལོག་རྩིས་ཡོད། དེ་དུས་ས་གནས་དེ་གའི་བུ་མོ་ཉི་སྐྱིད་ལྷ་མོ་མཐོང་རྗེས་ལས་འཕྲོའི་མདུད་པ་ཐེབས་ནས་ཁོང་གཉིས་བཟའ་ཚང་མྱུར་སྒྲིག་བྱས་རྗེས་བོད་དུ་བསྡད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་བརྩམས།
        ད་བར་ལུའོ་ཆི་མིང་ལ་ཁོང་གཉིས་ངོ་ཤེས་དུས་ཀྱི་སྐོར་འདྲི་སྐབས་འཚེར་སྣང་དང་བཅས“2010ལོར་ང་རང་སྤུན་མཆེད་དང་མཉམ་དུ་གྲོང་ཚོའི་ནང་སྟབས་བདེའི་སྡོད་ཁང་རྒྱག་པར་ཡོང་བ་དང་སྐབས་དེ་དུས་ཁོ་མོས་གྲོང་ཚོའི་ནང་གི་ཇ་ཁང་གཅིག་པུ་དེ་བཙུགས་པ་དང་། ཚོང་ཟོག་ཙག་ཙིག་བཙོངས་ནས་བསྡད་འདུག ང་རང་རྟག་ཏུ་ཁོང་ཡོད་སར་འགྲོ་གི་ཡོད་པས་ངོ་ཤེས་ཏེ་ཉིན་བཅོ་ལྔ་ཕྱིན་རྗེས་གཉེན་སྒྲིག་བྱ་རྒྱུའི་ཁ་ཆད་བྱས། ཟླ་བ་གཉིས་གསུམ་ཙམ་ཕྱིན་རྗེས་གཉེན་སྒྲིག་བྱས་པ་ཡིན”ཞེས་བཤད།
         ཉི་སྐྱིད་ལྷ་མོ་མཐོ་རིམ་སློབ་འབྲིང་ཐོན་པས་གྲོང་ཚོའི་ནང་གི་རིག་གནས་ཡོད་པ་དང་སྤྱང་གྲུང་ལྡན་པ་ཞིག་ཡིན་རུང་རྐང་པར་ན་ཚ་ཡོད་སྟབས་ལུས་པོའི་ངལ་རྩོལ་ཤུགས་ཆེན་པོ་བྱེད་ཐུབ་ཀྱི་མེད། ཁོང་གིས་རང་ཁྱིམ་གྱི་སྒོ་རའི་ནང་ཚོང་ཁང་དང་ཇ་ཁང་གཅིག་ལྕོགས་གཅིག་བཙུགས་ཡོད་པས་དཔལ་འབྱོར་ཆ་རྐྱེན་སྐབས་རེ་ལེགས་ལ་སྐབས་རེ་ཞན་ཙམ་ཡོད།
         “ཚོང་ཁང་ཞེས་བརྗོད་པ་ཙམ་ལས་སྐབས་དེ་དུས་མཐོ་ཚད་སྨི་གཉིས་ཙམ་དང་ཞེང་ཚད་ལི་སྨི་དྲུག་ཅུ་བདུན་ཅུ་ཙམ་ཡོད་པའི་རིམ་པ་གསུམ་ལྡན་གྱི་ཚོང་སྒྲོམ་ཞིག་ནང་ཚོང་ཟོག་ཙག་ཙིག་བླུགས་པ་དང་གཉེན་སྒྲིག་བྱས་མ་ཐག་ཁྱིམ་ཚང་གི་ཚོང་ཟོག་ཆ་ཚང་འཇོག་ཐུབ་པའི་ཚོང་སྒྲོམ་དེ་ཁོ་ན་ལས་མེད”ཅེས་ལུའོ་ཆི་མིང་གིས་བཤད།
         དང་ཐོག་ལུའོ་ཆི་མིང་གིས་ཁེ་བཟང་ཏོག་ཙམ་ཡོང་མིན་བལྟས་པ་དང་གལ་སྲིད་ཚོང་བྲིན་ཁ་རྒྱུག་པོ་མ་བྱུང་ཚེ་ཉི་སྐྱིད་ལྷ་མོ་འཁྲིད་དེ་ཕ་ཡུལ་དུ་ལོག་རྒྱུའི་ཐག་བཅད། རྗེས་སུ་རྫོང་དང་ཤང་རིམ་གཉིས་སྲིད་གཞུང་གི་སྲིད་ཇུས་ཀྱི་རོགས་རམ་འོག་ཚོང་ཇེ་ལེགས་སུ་ཕྱིན་པས་ཕ་ཡུལ་དུ་ཕྱིར་ལོག་རྩིས་བྱས་མེད།
         2012ལོར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག་ཉི་སྐྱིད་ལྷ་མོས་གྲངས་ཉུང་དངུལ་བུན་སྒོར་ཁྲི་4གཡར་ནས་ཚོང་ཟོག་ཙག་ཙིག་འཇོག་ས་ཆེ་རུ་ལྡབ་ཁ་ཤས་བཏང་བ་དང་ཚོང་ཟོག་དེ་བས་མང་བ་ཉོས་པས་ཚོང་ཡང་བྲིན་ཁ་རྒྱུག་ཏུ་སོང་ཏེ་ལོ་གཉིས་པར་དངུལ་བུན་འཇལ་ཐུབ་པ་བྱུང་ཡོད།
         རྗེས་སུ་ཉི་སྐྱིད་ལྷ་མོས་སླར་ཡང་གྲངས་ཉུང་དངུལ་བུན་སྒོར་ཁྲི་5གཡར་ནས་ཚོང་ཁང་ཆུང་ཆུང་དེ་སྒོ་རྩིས་ཚོང་ཁང་ཆུང་གྲས་ཤིག་ཏུ་བསྒྱུར་ཏེ་ཚོང་ཟོག་སྣ་ཁ་མང་དུ་བཏང་ཡོད། ཁོང་དེ་བས་དགའ་འོས་པ་ཞིག་ལ་ཟོག་འདྲེན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་དྲ་ཐོག་ནས་ཚོང་ཟོག་ཉོས་ཏེ་མངའ་རིས་སུ་བསྐུར་བར་དུས་ཚོད་རིང་པོ་འགོར་གྱི་མེད་སྟབས་ཉར་ཚགས་དུས་ཚོད་ཅུང་རིང་བའི་བཟའ་བཅའ་དང་། གྱོན་གོས། ཞྭ་མོ་སོགས་དྲ་ཐོག་ནས་ཉོ་གི་ཡོད་པ་རེད།
         ཉི་སྐྱིད་ལྷ་མོས“དྲ་ཐོག་ནས་ཅ་དངོས་ཉོས་ཚེ་སྤྱིར་བཏང་གཟའ་འཁོར་གཅིག་ཙམ་སོང་རྗེས་ས་ཁུལ་དུ་འབྱོར་གྱི་འདུག ངའི་བཟའ་ཟླས་རླངས་འཁོར་བཏང་ནས་ལེན་པར་འགྲོ་གི་ཡོད་པས་རིན་གོང་དེ་སྔ་དྲ་འོག་ནས་ཉོས་པ་ལས་ཁེ་བ་འདུག་ལ་གདམ་གའང་དེ་བས་མང་བ་འདུག སྟབས་བདེའི་ཐུག་པ་དང་། མེན་པའོ། འཐུང་བྱ་སོགས་ཚང་མ་ཡོད”ཅེས་བཤད།
         2017ལོར་ས་གནས་དེ་གའི་མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད་སྒར་རྫོང་ཞིང་ལས་དངུལ་ཁང་གིས་གྲོང་ཚོའི་ནང“ཞིང་གསུམ་གྱི་དངུལ་རྩའི་ཞབས་ཞུའི་ས་ཚིགས”བཙུགས་པ་དང་ཉི་སྐྱིད་ལྷ་མོ་རིག་གནས་ཆུ་ཚད་བལྟོས་བཅས་ཀྱིས་མཐོ་བ་ཡོད་པ་མ་ཟད། ཁྱིམ་ཚང་གི་དོན་དངོས་དཀའ་ངལ་ལ་གཞིགས་ནས་མཐར་ཞབས་ཞུའི་ས་ཚིགས་ཁོང་གི་ཁྱིམ་དུ་བཙུགས། མང་ཚོགས་ཚོས་གྲོང་ཚོའི་ནང་ནས་ཕྱི་ཕྱོགས་སུ་ཡོད་པའི་གཉེན་ཉེར་དངུལ་བསྐུར་ཆོག་པ་དང་ཉི་སྐྱིད་ལྷ་མོ་ལའང་ལོ་ལྟར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་མང་དུ་ཕྱིན་ཡོད།
         ལུའོ་ཆི་མིང་གིས“ཡོང་འབབ་མང་དུ་ཞེ་དྲག་ཕྱིན་པ་མ་ཟད་འགྲོ་སོང་དེ་ཙམ་མེད། བོད་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལག་ལེན་བྱས་རྗེས་བུ་མོ་རྒན་པ་བུ་བཅོལ་ཁང་དུ་ལོ་ཁ་ཤས་བསྡད་པར་དངུལ་ཕིང་གཅིག་ཀྱང་བཏང་མེད་པ་མ་ཟད། ད་དུང་སློབ་གྲྭས་ཁ་གསབ་མི་ཉུང་བ་ཞིག་སྤྲད་བྱུང”ཞེས་བཤད།
         འཚོ་བ་ཇེ་ལེགས་སུ་ཕྱིན་པའི་ལུའོ་ཆི་མིང་གི་ཐེམ་ཐོ་བཀྲ་ཤིས་སྒང་ཤང་དུ་བསྒྱུར་བ་དང་ན་ནིང་ཨ་མ་རྒན་མོ་ཀྲན་ཏེ་ཤིའུ་རང་ཉིད་སར་བསུས་ཡོད། གསོག་དངུལ་ཏོག་ཙམ་ཡོད་པའི་ཁོང་གིས་ཇ་ཁང་རྒྱ་ཆེ་རུ་གཏོང་རྩིས་བྱེད་ཀྱི་ཡོད། སླད་ཕྱིན་གྱི་འཚོ་བ་དེ་བས་ལེགས་སུ་འགྲོ་རྒྱུ་ཡིན་པ་བསམ་སྐབས་ཁོང་གི་བཞིན་ལས་དགའ་བའི་འཛུམ་མདངས་མངོན།
         བོད་སྐད་ཀྱི་གློག་བརྙན་ལྟ་བཞིན་པའི་རྒན་མོ་ཀྲན་ཏེ་ཤིའུ་ཡིས“འདི་གར་རང་ཉིད་ཀྱི་ཕ་ཡུལ་ལས་ས་བབ་མཐོ་བ་ཡོད་རུང་སྣང་དག་མི་འདུག བུ་དང་མནའ་མས་ང་ལ་ཧ་ཅང་ཡག་པོ་བྱེད་ཀྱི་འདུག འདི་གར་ཚེ་མཇུག་སྐྱེལ་རྩིས་ཡོད། རྗེས་སུ་འདི་ག་ནི་ངའི་ཁྱིམ་ཡིན”ཞེས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།