འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་དྲོད་ཁང་ཆེ་མོའི་ལག་རྩལ་ལ་བརྟེན་པས་ང་ཚོར་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་བྱུང”

    ——ཀྲུང་གོས་འཇོར་ཇི་ཡར་རོགས་སྐྱོར་བྱས་པའི་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་མཉམ་ལས་རྣམ་གྲངས་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         འཇོར་ཇི་ཡའི་ཤར་ལྷོའི་མཚམས་སུ་གནས་པའི་ཁེ་ཝུའེ་མོ་—ཁཱ་ཐེ་ལི་ཀྲོའུ་ཨ་ལ་ཕུའུ་ལུའོ་གྲོང་ཚོའི་དགུན་དུས་སྐྱ་ཐེར་གྱི་ཐང་ཡངས་མོར་འགྱིག་ཤོག་དྲོད་ཁང་ཆེ་མོ་མང་པོ་མིག་ལམ་དུ་མཐོང་རྒྱུ་ཡོད། དྲོད་ཁང་ནང་སྔོ་ཐིང་ཐིང་ཆགས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་ཀྱི་སྐྱེ་འཚར་ཡག་པོ་ཡོད་པ་རེད། དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཀྲུང་གོས་འཇོར་ཇི་ཡར་རོགས་སྐྱོར་བྱས་པའི་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་དུས་ཐེངས་དང་པོའི་ལག་རྩལ་མཉམ་ལས་རྣམ་གྲངས་ཀྱི་རྟེན་གཞི་ཞིག་རེད།
         “ཀྲུང་གོའི་གྲོགས་པོ་ཚོས་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་སྔོན་ཐོན་ལག་རྩལ་ཁྱབ་གདལ་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ནུས་རྒྱུ་གྲོན་ཆུང་ཐུབ་ལ་ཐོན་འབབ་ཀྱང་མང་པོ་བྱུང་བས་ང་ཚོའི་ཡོང་འབབ་ཧ་ཅང་མང་དུ་ཕྱིན་ཏེ་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུ་བྱུང་སོང”ཞེས་དེ་གའི་ཀྲོ་མ་ཀྲུ་འདེབས་འཛུགས་བྱེད་མཁན་དཔེ་སྟོན་ཞིང་པ་དབྱི་དབན་གྱིས་སེམས་འགུལ་ཐེབས་པའི་ངང་གསར་འགོད་པར་བཤད་བྱུང་།
         དབྱི་དབན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གོང་དབྱི་དབན་ཁྱིམ་དུ་བཏབ་པའི་ཀྲོ་མ་ཀྲུའི་རྒྱུད་པ་ཡག་པོ་མེད་པའི་ཁར་འདེབས་འཛུགས་ལག་རྩལ་རྗེས་སུ་ལུས་པའི་རྐྱེན་གྱིས་ཁྲོམ་རར་བྲིན་ཁ་རྒྱུག་པོ་མེད། ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་གསོ་སྦྱོང་བྱས་པ་བརྒྱུད་དབྱི་དབན་གྱིས་ཉི་འོད་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་ལག་རྩལ་སྤྱད་དེ་ཀྲུང་གོའི་ཀྲོ་མ་ཀྲུའི་རྒྱུད་པ་གསར་པ་བཏབ་པས་ལོ་དེར་ཐོན་འབབ་35%འཕར་ནས་ཡོང་འབབ་བརྒྱ་ཆ་བདུན་ཅུ་ཙམ་མང་དུ་སོང་ཡོད།
         ཀྲུང་གོས་འཇོར་ཇི་ཡར་རོགས་སྐྱོར་བྱེད་པའི་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་དུས་ཐེངས་དང་པོའི་ལག་རྩལ་མཉམ་ལས་རྣམ་གྲངས་ནི་ཀྲུང་གོ་དང་འཇོར་ཇི་ཡ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་ཀྲུང་གོའི་ཧུའུ་ནན་ཞིང་ཆེན་ཞིང་ལས་ཚོགས་པས་སྒྲུབ་འགན་འཁུར་བའི་ཀྲུང་གོ་ཕྱོགས་ཀྱིས་འཇོར་ཇི་ཡར་སྤེལ་བའི་ཞིང་ལས་རོགས་སྐྱོར་གྱི་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་། 2015ལོའི་ཟླ་4པར་དངོས་སུ་ལག་ལེན་བསྟར་ནས་ས་ཁྱོན་སྤྱི་ཆིང་4ཙམ་བཟུང་བ་མ་ཟད། འབྲེལ་ཡོད་ལག་རྩལ་གསོ་སྦྱོང་དང་དཔེ་སྟོན་འདེབས་འཛུགས་ཀྱང་བྱས་ནས་2017ལོའི་ལོ་མཇུག་ཏུ་རྣམ་གྲངས་དེ་འཇོར་ཇི་ཡའི་ཞིང་ལས་པུའུ་ལ་རྩིས་སྤྲད་པ་རེད།
         ཨ་ལ་ཕུའུ་ལུའོ་གྲོང་ཚོར་དབྱི་དབན་དང་འདྲ་བའི་དཔེ་སྟོན་འདེབས་འཛུགས་ནང་ཞུགས་ནས་ཕན་པ་ཐོབ་པའི་ཞིང་དུད་ད་དུང་མང་པོ་ཡོད།
         འཇོར་ཇི་ཡར་བཅའ་སྡོད་རྣམ་གྲངས་དེའི་ཞིང་ལས་རིགས་གཅིག་མཁས་ཅན་ཀྲང་སི་ཧན་གྱིས་ངོ་སྤྲོད་བྱས་དོན། རྣམ་གྲངས་ལག་ལེན་བསྟར་རིང་། སློབ་ཡོན་མེད་པར་འཇོར་ཇི་ཡའི་ཞིང་ལས་ལག་རྩལ་པ་དང་ཞིང་དུད་458ལ་གསོ་སྦྱོང་བྱས་པའི་ནང་མི་50ཀྲུང་གོའི་ཁྲང་ཧྲར་ཁྲིད་དེ་མུ་མཐུད་གསོ་སྦྱོང་བྱས་ཡོད། དེ་དག་ནི་ཉི་འོད་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་སྔོན་ཐོན་ལག་རྩལ་ཁོང་དུ་ཆུད་པའི་འཇོར་ཇི་ཡའི་རྒྱལ་ཁབ་ཀྱི་ལག་རྩལ་པ་ཐོག་མ་ཡིན་པས། ཁོང་ཚོས་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་ཀྱི་ནུས་པ་བཏོན་པ་བརྒྱུད་འཇོར་ཇི་ཡའི་ཞིང་དུད་སྔར་ལས་མང་བས་ཉི་འོད་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་ཀྲུང་གོའི་ལག་རྩལ་རྒྱུས་ལོན་པ་དང་ཁོང་དུ་ཆུད་ནས་ལག་རྩལ་དེར་བརྟེན་ནས་ཐོན་འཕར་དང་འབབ་འཕར་བྱུང་ཡོད་པ་རེད།
         ཀྲུང་གོའི་རོགས་སྐྱོར་ལ་འཇོར་ཇི་ཡ་སྲིད་གཞུང་གིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། འཇོར་ཇི་ཡའི་ཞིང་ལས་པུའུ་ཀྲང་ཏ་ཝུའེ་ཐ་ཧྲི་ཝུའེ་ལིས་ན་ནིང་རྣམ་གྲངས་དེར་རྟོག་ཞིབ་བྱེད་སྐབས། དྲོད་ཁང་ནང་སྔོ་ཚལ་འདེབས་པའི་ལག་རྩལ་མཉམ་ལས་རྣམ་གྲངས་ཚུད་པའི་འཇོར་ཇི་ཡ་དང་ཀྲུང་གོའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་དེས་འཇོར་ཇི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡག་ཏུ་འགྲོ་རྒྱུར་ཕན་པ་ཆེན་པོ་ཐོབ་པ་དང་ཡང་སྒོས་སུ་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྔོན་ཐོན་ཞིང་ལས་ལག་རྩལ་གྱིས་འཇོར་ཇི་ཡའི་ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཏེ་ཞིང་པའི་ཡོང་འབབ་མང་དུ་སོང་ཡོད་ཅེས་བཤད།
         འཇོར་ཇི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཁྲུའི་ཚན་ཙན་དབན་ལན་ཕོ་ཡིས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མཉམ་ལས་དམ་ཟབ་བྱས་པའི་འོག་ཀྲུང་གོས་འཇོར་ཇི་ཡར་རོགས་སྐྱོར་བྱེད་པའི་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་དུས་ཐེངས་དང་པོའི་ལག་རྩལ་མཉམ་ལས་རྣམ་གྲངས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་འཇོར་ཇི་ཡའི་ས་གནས་ཁག་ལ་ལས་ཞུགས་ཀྱི་གོ་སྐབས་ཐོབ་པ་མ་ཟད། དེ་གའི་རྒྱ་ཆེའི་ཞིང་ཁྱིམ་ལ་ཕན་པ་བྱུང་ཡོད་ཅེས་གསར་འགོད་པར་བཤད་བྱུང་། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།