འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མིག་དམར་བུ་ཁྲིད་ཀྱིས་བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་4པར་གནས་མཆོག་ལྷ་སའི་ཀྲོའུ་ཅིས་གསོལ་མགྲོན་ཁང་ཉི་འོད་གསོལ་ཚིགས་ཚོམས་ཆེན་གྱི་ཅིང་ལི་གཞོན་པ་མིག་དམར་བུ་ཁྲིད་ཀྱིས་དགོང་ཟས་མ་བཏང་གོང་གི་བཟའ་བཏུང་པུའི་ལས་དོན་ཁག་གྲ་སྒྲིག་བྱས་ཚུལ་ལ་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། ཞབས་ཞུ་བར་ལྟོ་སྣོད་གང་འདྲ་བྱས་ནས་འཇོག་དགོས་མིན་དམར་ཁྲིད་བྱས་ཏེ་ཆུང་ཙག་ནས་ཨར་ཁང་གི་སྤུས་ལེགས་ཞབས་ཞུ་མཚོན་ཐབས་བྱེད་ཀྱི་ཡོད།
         1990ལོའི་ཟླ་5པར་མིག་དམར་བུ་ཁྲིད་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ཁྱིམ་ཚང་དབུལ་བས་སློབ་འབྲིང་ཐོན་རྗེས་ལྷ་སར་ལས་མི་བྱེད་རིང་ལས་ཀའི་ཉམས་མྱོང་ཁ་ཤས་བསགས་ཡོད། 2014ལོའི་ཟླ་7པར་མིག་དམར་བུ་ཁྲིད་གནས་མཆོག་ལྷ་སའི་ཀྲོའུ་ཅིས་གསོལ་མགྲོན་ཁང་དུ་ལས་ཀ་བྱེད་པར་ཡོང་བ་རེད།
         གསོལ་མགྲོན་ཁང་དུ་ལས་ཀ་བྱས་ནས་ལོ་ཕྱེད་མ་སོང་བར་ཁོང་གིས་ཚད་ལྡན་གྱི་ཞབས་ཞུའི་བཀོལ་སྤྱོད་རྩལ་ནུས་ཁོང་དུ་ཆུད་པ་མ་ཟད། ས་གནས་ས་ཐོག་ཏུ་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་པ་དང་དེར་བརྟག་དཔྱད་དང་ཁ་གཏད་གཅོག་པའི་ཐད་ཀྱི་ཉམས་མྱོང་གསོག་འཇོག་བྱས་ཁར། ཁོ་མོ་རང་ཉིད་སྤྱང་གྲུང་དོད་ལ་ལས་ཀ་འཇོན་པོ་ཡོད་པས་ཨར་ཁང་ནང་སྐུ་མགྲོན་ལ་ཞབས་འདེགས་ཞུ་སྐབས་ལྟ་སྣང་དོད་པའི་ཚོར་སྣང་ཞིག་སྦྱིན་ཐུབ་པ་དང་། ཐོབ་ཐང་མི་འདྲ་བ་དང་ལོ་ན་མི་འདྲ་བའི་སྐུ་མགྲོན་གྱི་བཟའ་འཐུང་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་སྟབས། ལོ་ཕྱེད་མ་སོང་བར་ཁོང་གསོལ་ཚིགས་ཚོམས་ཆེན་གྱི་ལས་སྣེ་ཁྲིད་མཁན་དུ་བསྐོ་གཞག་བྱས།
         མིག་དམར་བུ་ཁྲིད་ཀྱིས“ཐོག་མར་འདི་གར་སླེབས་སྐབས་མི་མང་པོའི་སེམས་ལ་ངས་འབྲེལ་བ་བཙལ་ནས་གོ་གནས་འཕར་བ་རེད་སྙམ་པ་ལས་ང་ལ་ལས་གནས་དེ་བསྒྲུབས་པའི་འཇོན་ཐང་ཡོད་མི་སྲིད་སྙམ་གྱི་ཡོད། དེར་བརྟེན་ངས་འབད་བརྩོན་ལྷོད་མེད་བྱས་ནས་རང་ཉིད་ཀྱི་འཇོན་ཐང་ར་སྤྲོད་བྱས་ཡོད། ལས་ཀ་དེ་ཡག་པོ་སྒྲུབ་པར་དཀའ་སྤྱད་སྙིང་རུས་དང་སློབ་སྦྱོང་མང་ཙམ་བྱེད་དགོས་པ་དང་། སེམས་ནུས་ཡོད་རྒུ་དང་གཞན་ལས་ལྷག་པའི་དཀའ་བ་སྤྱད་ཚེ་རང་ཉིད་དེ་ཙམ་གྱིས་ཡར་རྒྱས་ཡོང་ཐུབ”ཅེས་བརྗོད་པ་རེད།
        གསོལ་མགྲོན་ཁང་གི་བཟའ་འཐུང་པུའི་ཅིང་ལི་ཉིང་ཅང་ཧུའེ་ཡིས་མིག་དམར་བུ་ཁྲིད་ཉི་འོད་གསོལ་ཚིགས་ཚོམས་ཆེན་གྱི་ཅིང་ལི་གཞོན་པར་གྱུར་དོན་ནི་ཁོ་མོ་རང་ཉིད་ཀྱིས་འབད་འཐབ་བྱས་པ་ཕུད། ད་དུང་2015ལོའི་ཀྲའོ་ཅིས་ཨར་ཁང་ཚོགས་པའི“ཕུགས་བསམ་གྱི་སྐས་འཛེགས”ཞེས་པའི་དོ་དམ་གསོ་སྦྱོང་སློབ་མའི་རྣམ་གྲངས་ནང་ཞུགས་པ་ལས་ཀྱང་ཕན་པ་ཐོབ་ཡོད། 2015ལོར་ཨར་ཁང་གི་དོ་དམ་རིམ་པས་ལས་མི་ཡོངས་ནས་ཧྲག་སྒྲུག་བྱས་མཐར་མིག་དམར་བུ་ཁྲིད་རྣམ་གྲངས་དེའི་འོས་མིར་བདམས་པ་རེད། དེ་རྗེས་ཚོགས་པས་ལེགས་འདེམས་ནན་པོ་དང་ད་དུང་དུས་ཡུན་ཟླ་18རིང་གི་གཅིག་སྡུད་ལས་གནས་རེས་མོས་ཀྱི་གསོ་སྦྱོང་བྱས་པ་བརྒྱུད་བདེ་བླག་ངང་སྡེ་ཚན་གྱི་དོ་དམ་མི་སྣར་བདམས་ཐོན་བྱུང་ཡོད་ཅེས་བརྗོད།
        ད་ཆ་མིག་དམར་བུ་ཁྲིད་ཀྱིས་གཙོ་བོ་བཟའ་འཐུང་པུའི་ཉིན་རེའི་ལྟོ་དུས་གསུམ་གྱི་འགན་འཁུར་གྱི་ཡོད་མོད། འོན་ཀྱང་ལྟོ་ཆས་མ་བཏང་གོང་གི་གྲ་སྒྲིག་ལས་དོན་ཞིབ་ཕྲ་དགོས་ལ་རྙོག་དྲ་ཚ་པོ་ཡོད་པས་ཁོ་མོ་ཉིན་ལྟར་བྲེལ་བརྩོན་ཧ་ཅང་ཆེན་པོ་ཡོད། ལོ་མང་རིང་ཁོང་གིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀར་ལས་ཀར་འགྲོ་བ་དང་། དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀར་ལས་ཐག་གཅོད་ཀྱི་ཡོད་པས། ཉིན་རེའི་ལྟོ་དུས་གསུམ་གྱི་དུས་སུ་ཁོང་གིས་གསོལ་ཚིགས་ཚོམས་ཆེན་གྱི་ས་ཁོངས་གང་སར་སྐུ་མགྲོན་གྱི་བཟའ་འཐུང་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ལྟ་ཞིབ་བྱེད་ཀྱི་ཡོད་པས་ནོར་འཁྲུལ་གཅིག་ཀྱང་ཤོར་མྱོང་མེད། ལས་ཀ་བྱེད་རིང་ཁོང་གིས་གུས་ཞབས་ལྡན་པའི་སྐད་ཆ་དང་བྱ་སྤྱོད་ཐོག་ནས་སྐུ་མགྲོན་ལ་ཞབས་འདེགས་ཞུས་ཏེ་ཁོང་ཚོར་ཡ་རབས་ཀྱི་བག་ཆགས་ཤིག་སྤྲད་ཡོད། དེ་དང་དུས་མཚུངས། ཁོང་གིས་ད་དུང་གསོལ་ཚིགས་ཀྱི་སྒྲིག་བཀོད་དང་དངོས་ཟོག་སོགས་ཀྱི་རྒྱུན་གཏན་གྱི་འཁོར་རྒྱུག་འགན་འཁུར་གྱི་ཡོད་པ་དང་། ལྟོ་སྣོད་ཀྱི་གཙང་སྦྲ་འཕྲོད་བསྟེན་དང་ཟ་ཁང་གི་བདེ་འཇགས་དང་མེ་ཟོན་དང་དེ་བཞིན་ཁོར་ཡུག་འཕྲོད་བསྟེན་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡོད་ལ། གཤམ་འོག་གི་ལས་མིར་དུས་གཏན་འཁེལ་གྱིས་ལས་སྒོའི་གསོ་སྦྱོང་བྱེད་པའི་འགན་འཁུར་ནས་རྒྱུན་ཆད་མེད་པར་ལས་མིའི་ལས་སྒོའི་བྱང་ཚད་དང་ཞབས་ཞུའི་ཐབས་རྩལ་གོང་མཐོར་གཏོང་བཞིན་ཡོད།
        མིག་དམར་བུ་ཁྲིད་མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བས་རྟག་ཏུ་ཨར་ཁང་གི་དཀའ་ངལ་ཡོད་པའི་ལས་རོགས་ལ་རོགས་རམ་བྱེད་ཀྱི་ཡོད། ཁོང་གི་ཤུགས་རྐྱེན་འོག་ལོ་32ལ་སླེབས་པའི་བཀྲ་ཤིས་ཀྱིས་ཀྱང་ཨར་ཁང་གི་དོ་དམ་རིམ་པའི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། མིག་སྔར“ཕུགས་བསམ་གྱི་སྐས་འཛེགས”ཞེས་པའི་དོ་དམ་གསོ་སྦྱོང་སློབ་མའི་རྣམ་གྲངས་གསོ་སྦྱོང་དང་ལེན་བྱེད་བཞིན་ཡོད།
         མིག་དམར་བུ་ཁྲིད་ཀྱིས“ངའི་ཕུགས་བསམ་ནི་ཨར་ཁང་གི་ཞབས་ཞུའི་ལས་ཀ་ཡག་པོ་བྱེད་རྒྱུ་དེ་ཡིན། རང་ཉིད་རྒྱལ་སྤྱིའི་སྤུས་རྟགས་ཀྱི་ཨར་ཁང་ནང‘ཕུགས་བསམ་གྱི་སྐས་འཛེགས’ཞེས་པའི་དོ་དམ་གསོ་སྦྱོང་སློབ་མའི་རྣམ་གྲངས་ཁྲོད་ཞུགས་ནས་ཉམས་མྱོང་ཐོབ་རྗེས་ཨར་ཁང་གི་དོ་དམ་མི་སྣར་གྱུར་བྱུང་། ཨར་ཁང་གིས་ང་ལ་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་ཡག་པོ་ཞིག་མཁོ་འདོན་བྱས་བྱུང་བས། མུ་མཐུད་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་བཏང་ཚེ་གཞི་ནས་མི་ཚེའི་རིན་ཐང་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་ངེས་རེད”ཅེས་བརྗོད།
         བདེ་སྐྱིད་དང་སྤྲོ་སྣང་ཆེན་པོ་ཚོར་བཞིན་ཁོང་གིས་རང་ཉིད་ཀྱི་ལས་གནས་དང་། ལས་རོགས། ཨར་ཁང་། འཚོ་བ་བཅས་ལ་དགའ་ཞེན་བྱེད་ཀྱི་ཡོད། དེ་དག་ཚང་མ་ལས་ཁོང་ལ་བག་ཕེབས་སྤྲོ་སྣང་དོད་པ་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པ་ཞིག་འཕེལ་གྱི་ཡོད། ད་ཆ་མིག་དམར་བུ་ཁྲིད་ཀྱིས་དབྱིན་སྐད་རང་སྦྱོང་བྱེད་བཞིན་ཡོད་ཅིང་། ཁོང་གིས“ང་རང་ད་ཆ་ཅིང་ལི་གཞོན་པའི་ལས་གནས་ཐོག་གནས་པས་སློབ་སྦྱོང་མང་པོ་བྱེད་དགོས་པ་དང་ཤེས་ཡོན་འཇོན་ཐང་མང་ཙམ་གསོག་འཇོག་བྱས་ཚེ་གཞི་ནས་ལས་གནས་ཀྱི་དགོས་མཁོ་དང་འཚམ་པ་མ་ཟད་མུ་མཐུད་ཡར་རྒྱས་འགྲོ་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་། འབྱུང་འགྱུར་གྱི་ལམ་ཐག་ཧ་ཅང་རིང་པོ་ཡོད་པས་ངས་རིག་པ་བསྒྲིམས་ཏེ་རང་ཉིད་ཀྱི་མི་ཚེའི་ལམ་བུ་དེ་བས་བཀྲག་མདངས་འཚེར་བ་བྱ་རྒྱུ་ཡིན”ཞེས་བརྗོད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།