འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྲག་གཡབ་རྫོང་གིས“ཚལ་ཞིང”ལ་བརྟེན་ནས“དབུལ་ཞྭ”ཕུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱས་ཚུན། བྲག་གཡབ་རྫོང་གིས“ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི”དང“ཆབ་མདོའི་ཚལ་ཞིང”འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས། ཞིང་འབྲོག་ལས་ཀྱི་གྲུབ་ཆ་མགྱོགས་མྱུར་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་། ཞིང་ལས་དེང་རབས་ཅན་དང་། བཟོ་ལས་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་ཀྱི་ཕྱོགས་སུ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
         སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་ཆེད་བྲག་གཡབ་རྫོང་གིས་སྔོ་ཚལ་གཞུང་ལས་ཁང་བཙུགས་ནས། སྔོ་ཚལ་དྲོད་ཁང་ཆེ་མོ་འཛུགས་སྐྲུན་དང་། སྔོ་ཚལ་འདེབས་འཛུགས། སྔོ་ཚལ་བྲིན་ཚོང་སོགས་ཀྱི་ལས་ཀའི་འགན་འཁུར་ཡོད། ཆེད་དོན་ཚོགས་འདུ་ཐེངས་གསུམ་སྔ་རྗེས་སུ་འཚོགས་ནས་སྔོ་ཚལ་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། དུས་ཚིགས་བཞིའི་སྔོ་ཚལ་འདེབས་འཛུགས་ཀྱི་ཇུས་གཞི་ཞིབ་ཕྲ་ཡང་བཟོས་པ་རེད།
         ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་ཆེད། བྲག་གཡབ་རྫོང་གིས“གདན་འདྲེན་པ་དང་ཕྱིར་སྐྱོད་པའི”བྱེད་སྟངས་མཐའ་འཁྱོངས་བྱས་ཏེ་རྟེན་གཞི་འཛུགས་སྐྲུན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཡོད་པ་རེད། རྫོང་ཁོངས་གི་ཞིབ་ཕྲའི་ས་གཤིས་ཆ་རྐྱེན་གཞིར་བཟུང་། ཀོང་ཏུང་ཧྲོའུ་ཀོང་གི་ཉམས་མྱོང་དང་ལག་རྩལ་ལ་བརྟེན་ནས་སྔོན་ཐོན་གྱི་ཉི་འོད་དྲོད་ཁང་འཛུགས་སྐྲུན་དང་། སྔོན་ཐོན་གྱི་འདེབས་འཛུགས་དང་། དོ་དམ། གཉེར་སྐྱོང་བཅས་ཀྱི་ཉམས་མྱོང་ནང་འདྲེན་བྱེད་པ་དང་ཆབས་ཅིག སྔོན་ཆད་ཀྱི་ཁ་ཐོར་དང་ཟང་ཟིང་གི་དྲོད་ཁང་དེ་དག་གཅིག་སྡུད་ཡུག་འབྲེལ་གྱི་ཚད་གཞི་མཐོ་བའི་དྲོད་ཁང་ལ་སྒྱུར་བཀོད་བྱས་པར་བརྟེན་བྲག་གཡབ་རྫོང་གི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་པ་རེད།
         མིག་སྔར་བྲག་གཡབ་རྫོང་ཤིང་དཀའ་ཤང་ཟླ་གཡས་གྲོང་ཚོའི་དྭགས་པོ་རགས་ཚོགས་ཆུང་ཡང་རྫོང་དེས་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་དྭགས་པོ་རགས་ཚོགས་ཆུང་གི་རྒྱ་ཁྱོན་མུའུ་38ཡོད་པའི་དྲོད་ཁང་ཆེ་མོ་10བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ཐོག་མའི་སྔོ་ཚལ་འདེབས་འཛུགས་བྱེད་པ་ནས་ཚོད་ལྟའི་ངང་མེ་ཏོག་འདེབས་འཛུགས་བྱེད་པ་དང་། དེ་ནས་གྲོང་ཚོ་དེ་ཡོངས་སུ་ཁྱབ་གདལ་བཏང་སྟེ“མེ་ཏོག་གི་དྲི་ཞིམ་འཐུལ་བ”དང་ཆབས་ཅིག་གྲོང་མིར་ཡོང་འབབ་ཀྱང་མང་པོ་བྱུང་ཡོད་པ་རེད།
        དབྱེན་འདུམ་གྲོང་རྡལ་རོས་འགྱིས་གྲོང་ཚོའི་སྐྱེ་ལྡན་སྔོ་ཚལ་མཁོ་སྤྲོད་རྟེན་གཞི་དང་དཀྱིལ་ཐང་གྲོང་རྡལ་མོ་བསྡོམས་གྲོང་ཚོའི་བཟའ་བྱའི་ཤ་མོའི་རྟེན་གཞི་ཕྱོགས་ཡོངས་ནས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་ཞིང་། སྔོ་ཚལ་རྟེན་གཞི་གཉིས་ཀྱིས་ས་ཆ་མུའུ་110ལྷག་ཙམ་བཟུང་བ་དང་། དྲོད་ཁང་ཆེ་མོ་42ཡོད་པ་དང་། ལོ་རེར་སྔོ་ཚལ་ཐོན་ཚད་རྒྱ་མ་ཁྲི་80ཟིན་པ་དང་། བྲིན་ཚོང་དངུལ་འབོར་སྒོར་ཁྲི་300ཙམ་ཟིན་ནས། དུད་ཚང་དབུལ་པོ་རེར་ཆ་སྙོམས་འབབ་འཕར་སྒོར་9300ལྷག་ཙམ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་1600ལྷག་ཙམ་བྱུང་ཡོད་པ་རེད།
         བྲག་གཡབ་རྫོང་དུ་ད་དུང་མཁར་སྒང་ཤང་སྦས་ར་གྲོང་ཚོ་དང་དེ་བཞིན་འདེན་ཤོད་གྲོང་ཚོའི་དྲོད་ཁང་78དང་། ཤིང་དཀའ་ཤང་ཟླ་གཡས་གྲོང་ཚོའི་དྲོད་ཁང་ཆེ་མོ་11 དབྱེན་འདུམ་གྲོང་རྡལ་ཟླ་རུམ་གྲོང་ཚོའི་མུའུ་135ཡི་སྒོག་པ་འདེབས་འཛུགས་རྟེན་གཞི་དང་། དཀྱིལ་ཐང་གྲོང་རྡལ་གྱི་དེང་རབས་ཞིང་ལས་དཔེ་སྟོན་གླིང་སོགས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཡང་ཡོད་པ་རེད།
         གཞན་ཡང་བྲག་གཡབ་རྫོང་གིས་ཧྲོའུ་ཀོང་སྔོ་ཚལ་གྱི་ཚན་རྩལ་མཐོ་བའི་དཔེ་སྟོན་གླིང་གི་དེ་སྔའི་མཐོ་རིམ་ཞིང་ལས་ལག་རྩལ་མཁས་ཅན་གདན་དྲངས་པ་དང་། ཧྲོའུ་ཀོང་ཞིང་ལས་ཅུས་ཞིང་ལས་ལག་རྩལ་ལྟེ་གནས་ཀྱི་སྔོ་ཚལ་རིགས་གཅིག་མཁས་ཅན་གྱིས་རྫོང་དེའི་གནད་སྨིན་དབུལ་སྐྱོར་གྱི་ཞིང་ལས་ཐོན་ལས་ཀྱི་བློ་འདྲིའི་འགན་འཁུར་ནས་རྫོང་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱས་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།