འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུའུ་ཅང་ཡན་ནས་དབུན་ཁྲོན་དང་དབུན་ཁྲོན་ནས་འབར་ཁམས་བར་གྱི"སྤྲིན་རུམ་མཁའ་ལམ"
    དེ་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཡངས་པའི་ལམ་ཆེན་དུ་གྱུར་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་དབྱི་དང་ཧུའུ་ཞུས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དབྱར་ཁ་ཤར་བ་དང་དུས་མཚུངས་དབུན་ཁྲོན་གྱི་སེའུ་དམར་ཆུང་སྨིན་ནས་ཁྲོམ་རར་འདོན་འགོ་ཚུགས་པ་དང་དབུན་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་གྱི་འགྲམ་དུ་སྲེའུ་རེ་རེ་བཞིན་བཏོན་ནས་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་ཡུལ་མི་ཚོས་སྐད་ཤུགས་ཆེན་པོས་ཚོང་སྐད་རྒྱག་བཞིན་ཡོད། རི་སྟེང་གི་ཤིང་འབྲས་ལྡུམ་རར་ལྟ་བར་ཡོང་བའི་ཡུལ་སྐོར་བ་ཚོས་ཤིང་འབྲས་ཀྱི་བྲོ་བ་མྱོང་བཞིན་དགའ་ཚོར་ཆེན་པོས་དྲན་རྟེན་པར་བརྒྱབ་པའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད།
          “ལོ་བཅུའི་གོང་གི་ས་ཡོམ་ཆེན་པོ་ལས་ལམ་བུར་གཏོར་སྐྱོན་ཐེབས་སྟབས་ངས་སྲེའུ་འདེབས་མཚམས་བཞག་པ་ཡིན”མིག་ལམ་དུ་འཆར་བའི་དམར་ཁྲུམ་ཁྲུམ་གྱི་སྲེའུ་སྡོང་ལ་ལྟ་བཞིན་དབུན་ཁྲོན་བ་ཞུས་མིན་ལ་མྱོང་བ་ཆེན་པོ་བྱུང་བ་དང“ལོ་གཅིག་ལས་མ་འགོར་བར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་ད་ཆ་ཁྱིམ་གྱི་སྒོ་ཁར་མཁྲེགས་འགྱུར་ལམ་བཟོས་ཟིན་པས་ཚོང་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།
          གཞུང་ལམ་བསྐྱར་སྐྲུན་བྱས་པས་སི་ཁྲོན་བོད་རིགས་ས་ཁུལ་གྱི་འདུན་པ་ཆེ་རུ་ཕྱིན་པ།
          ལམ་ཤར་གཏོང་ཐུབ་ཚེ་བྱ་གཞག་དར་རྒྱས་འགྲོ་སྲིད། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མཛེས་ལྗོངས་ལྟ་ན་སྡུག་པའི་སི་ཁྲོན་བོད་རིགས་ས་ཁུལ་ངོས་ནས་བརྗོད་ན། ལམ་བུ་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ས་ཆ་དེ་གའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཆེ་ཤོས་དེ་ཡིན་པ་དང་བོད་རིགས་ས་ཁུལ་གྱི་མི་མང་པོ་ཞིག་གིས་ཁྲེང་ཏུའི་ཐང་གཤོངས་དང་འབྲེལ་མཐུད་ཐུབ་པའི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་རེ་ཆེན་པོ་བྱེད་ཀྱི་ཡོད།
          དབུན་ཁྲོན་གྱི་ས་ཡོམ་ཆེན་པོ་ལས་ཕུགས་འདུན་དེ་རེ་ཞིག་སྟོང་ཟད་དུ་གྱུར། 2007ལོར་རླངས་འཁོར་ཤར་གཏོང་ཐུབ་མ་ཐག་པའི་ཏུའུ་ཅང་ཡན་ནས་དབུན་ཁྲོན་བར་གྱི་གཞུང་ལམ་དང་ཏུའུ་ཅང་ཡན་ནས་དབྱིང་ཤིའུ་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་པོ་ས་ཡོམ་ཆེན་པོའི་ཁྲོད་གཏོར་སྐྱོན་ཐེབས་པས་མི་རྣམས་བློ་ཕམ་ཆེན་པོ་བྱུང་བ་དང་ཕྱི་ཕྱོགས་ཀྱིས་ཀྱང་ཡོམ་ལྟེར་སྐྱོད་པའི་མྱུར་བགྲོད་གཞུང་ལམ་ཉམས་བཟོ་བྱེད་པར་ཉུང་མཐར་ཡང་ལོ་གསུམ་འགོར་བའི་ངོས་འཛིན་བྱས།
          ཚེ་སྲོག་གི་བགྲོད་ལམ་དང་། བསྐྱར་སྐྲུན་གྱི་འགག་གནད། འཕེལ་རྒྱས་ཀྱི་ཕུགས་རེ་བཅས་ཡིན་པའི་མྱུར་བགྲོད་གཞུང་ལམ་དེ་མི་ཚང་མས་སྔ་ཙམ་ཤར་གཏོང་ཐུབ་རེ་བྱེད་མོད། འོན་ཀྱང་མ་དངུལ་གང་དུ་ཡོད་དམ། ས་ཡོམ་མ་བརྒྱབ་གོང་ལམ་བུ་བཟོ་བར་བུ་ལོན་སྒོར་དུང་ཕྱུར་20ལྷག་ཙམ་ཟུག་སྟབས་ད་ཆ་སླར་ཡང་མྱུར་བགྲོད་གཞུང་ལམ་བཟོ་དགོས་ཚེ་མ་དངུལ་གྱི་གནོན་ཤུགས་རི་ལྟར་ལྕི་པོ་ཡོད།
          “གེགས་ཁུལ་གྱི་དགོས་མཁོ་ནི་འགན་འཁྲི་ཞིག་རེད”རྒྱལ་ཁབ་གསར་སྤེལ་དངུལ་ཁང་སི་ཁྲོན་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཀྲའོ་ཡའོ་ཀྲུང་གིས“ཡན་ལག་དངུལ་ཁང་གིས་དགོངས་སྐོར་ཞུས་པ་བརྒྱུད་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་ཏང་ཨུད་ཀྱིས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཏུའུ་ཅང་ཡན་ནས་དབུན་ཁྲོན་བར་གྱི་གཞུང་ལམ་ཚུད་པའི་སི་ཁྲོན་གྱི་འགྲིམ་འགྲུལ་རྣམ་གྲངས་13གྱི་དངུལ་བུན་གྱི་མ་སྐྱེད་སྒོར་དུང་ཕྱུར་34.08ཚང་མ་ཆག་ཡང་དང་རྩ་ཆག་བཏང་བ་དེ་སི་ཁྲོན་ཡན་ལག་དངུལ་ཁང་གི་ས་ཡོམ་གོང་གི་ལོ་10ཡི་འགྲིམ་འགྲུལ་རྣམ་གྲངས་ཀྱི་ཁེ་སྤོགས་སྤྱི་འབོར་དང་མཚུངས་ཀྱི་ཡོད”ཅེས་བཤད།
          གེགས་ཁུལ་མི་དམངས་ཀྱིས་སླར་གསོའི་རེ་བ་སྔ་ཙམ་མཐོང་ཆེད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཉིན་45ཡི་ནང་ཏུའུ་ཅང་ཡན་ནས་དབྱིང་ཤིའུ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་དངུལ་བུན་སྒོར་དུང་ཕྱུར་6.5བཏང་བ་དང་མ་དངུལ་གྱི་རྒྱབ་སྐྱོར་ཡོད་སྟབས་2009ལོའི་ཟླ་5ཚེས་12ཉིན་དབུན་ཁྲོན་གྱི་ས་ཡོམ་བརྒྱབ་ནས་ལོ་གཅིག་འཁོར་བའི་སྐབས་དེར་ཏུའུ་ཅང་ཡན་ནས་དབྱིང་ཤིའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཏལ་འབིགས་ཐུབ་པ་དང་ཏུའུ་ཅང་ཡན་ནས་དབྱིང་ཤིའུ་བར་སྐར་མ་15ལས་འགོར་གྱི་མེད། 2012ལོའི་ཟླ་11ཚེས་29ཉིན་དབྱིང་དབུན་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཁྲེང་ཏུའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་ལམ་ཐག་ཡོངས་སུ་སྐར་མ་90ལས་འགོར་གྱི་མེད།
          གཞུང་ལམ་གསར་པ་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་དང་རེ་བ་མངོན།
          ཏུའུ་ཅང་ཡན་ནས་དབྱིན་ཤིའུ་བར་གྱི་མྱུར་བགྲོད་གཞུང་ལམ་ནས་འགོ་བཙུགས་པའི་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ། མན་གཡང་ནས་གཟི་ཚྭ་སྡེ་དགུ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་སྔ་རྗེས་སུ་སྐྲུན་འགོ་བཙུགས་པས་སི་ཁྲོན་བོད་རིགས་ས་ཁུལ་གྱི་ལོ་ངོ་སྟོང་རིང་གི་འགྲིམ་འགྲུལ་འཇུར་མིག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་སྒྲོལ་དཀའ་སེལ་ཁྲོད་ཟམ་མི་ཆད་པར་བར་བརྒལ་ཐུབ་ཡོད།
           རྒྱལ་ལམ་317ལམ་རྒྱུད་ནུབ་ཕྱོགས་སུ་བསྐྱོད་ཚེ་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་མགྱོགས་མྱུར་བསྐྲུན་བཞིན་ཡོད། དེ་ནི་སི་ཁྲོན་གཤོངས་སའི་རི་ཁུལ་ནས་མཚོ་བོད་ས་མཐོའི་ཕྱོགས་སུ་སྐྲུན་པའི་གཞུང་ལམ་ཞིག་ཡིན། དེར་ལམ་ཚད་སྤྱི་ལེ་172ཀྱི་ས་བབ་ཀྱི་ཧེ་བག་སྨི་2000ཙམ་ཡོད་པ་དང་ཟམ་པ་དང་ཕུག་ལམ་གྱི་མཐོ་ཚད་86.5%ཟིན་པས་རྒྱལ་ནང་གི་མྱུར་བགྲོད་གཞུང་ལམ་ཁྲོད“སྤྲིན་རུམ་མཁའ་ལམ”ཞེས་འབོད་ཀྱི་ཡོད།
          བཟོ་སྐྲུན་པ་ཡན་ཝུན་གྱིས་རི་མཐོ་གཡང་གཟར་གྱི་རི་ཀླུང་ཁྲོད་རིང་ཚད་སྤྱི་ལེ་2.44ཡོད་པའི་ཟམ་ཆེན་སྐྲུན་རྒྱུའི་འགན་འཁུར། ཡན་ཝུན་གྱིས“ས་གཤིས་རྙོག་འཛིང་ཆེ་བས་ང་ཚོས་ཟམ་སྐྲུན་གྱི་བྱེད་ཐབས་གསར་པ་འཚོལ་ཞིབ་མི་བྱེད་ཀ་མེད་བྱུང་། ང་དབུན་ཁྲོན་དང་། ལུའུ་ཧྲན། གཟི་ཚྭ་སྡེ་དགུ་བཅས་ཀྱི་ས་ཡོམ་གེགས་སེལ་ནང་ཞུགས་མྱོང་བས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལས་དོན་དེ་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།
          ལས་གྲྭའི་ཁོར་ཡུག་དང་འཛུགས་སྐྲུན་དཀའ་ཚེགས་ཆེ་བར་བརྟེན། དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆ་སྙོམས་སྤྱི་ལེ་རེའི་བཟོ་སྐྲུན་གྱི་རིན་གོང་སྒོར་དུང་ཕྱུར་1.6ཟིན་ཡོད། དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་ཡུང་གིས་གསར་འགོད་པར་ལས་གྲྭ་འགོ་མ་བཙུགས་གོང་མ་དངུལ་གྲབས་གསོག་བྱེད་རྒྱུར་དཀའ་ངལ་འཕྲད་བྱུང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་གཏོང་རྒྱུའི་མ་དངུལ་གྲབ་གསོག་ཇུས་གཞི་བཟོས་པ་དང་། མ་རྩ་བསྡུ་སྒྲིལ་གྱི་མ་གནས་དེ་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གཞན་གྱི་ཆ་སྙོམས་ཆུ་ཚད་ལས་1/3གིས་དམའ་བ་ཡོད་པས་རྣམ་གྲངས་ཀྱི་འཕེལ་རིམ་ལ་སྐུལ་མ་ཐེབས་བཞིན་ཡོད་ཅེས་བཤད།
           ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ལོ་མཇུག་གོང་དུ་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ་100ཡན་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་འབར་ཁམས་སུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད། དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་སྔོན་དཔག་བྱས་ན། 2020ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པས་སྐབས་དེ་དུས་ཁྲེང་ཏུའུ་ནས་འབར་ཁམས་བར་གྱི་ལམ་ཚད་ད་ལྟའི་ཆུ་ཚོད་5ནས་ཆུ་ཚོད་3བར་ཐུང་དུ་འགྲོ་རྒྱུ་རེད།
          རང་ཁྱིམ་གྱི་སྒོ་རྩར་མྱུར་བགྲོད་གཞུང་ལམ་མགྱོགས་པོ་བཟོས་པར་བརྟེན་ལམ་རྒྱུད་མགུར་ལུང་ཤུར་མཛེས་ལྗོངས་ཁུལ་གྱི“བོད་ཁྱིམ་མགྲོན་ཁང”གི་སྦྱིན་བདག་པད་མ་མཚོ་སྡོད་ལོས་མི་བཟོད་པར་དངུལ་སྒོར་ཁྲི་ཆིག་སྟོང་གྲབས་གསོག་བྱས་ཏེ་བོད་རིགས་ཀྱི་ཉམས་འགྱུར་ལྡན་པའི་མགྲོན་ཁང་བརྒྱབ་ནས་ཁྲོན་ནུབ་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་བསུ་རྒྱུའི་སྟ་གོན་བྱས། མི་ལ་ལས“དངུལ་མང་པོ་དེ་འདྲ་བཏང་བས་ང་སྨྱོ་བ་མིན་ནམ”ཞེས་བཤད། འོན་ཀྱང་ཁོ་མོས་ལམ་ཤར་གཏོང་ཐུབ་ན་འགྲུལ་པ་མི་ཡོང་བའི་སེམས་ཁྲལ་མེད་ཅེས་ཤོད་ཀྱི་ཡོད།
          ལོ་བཅུ་ལྷག་ཙམ་རིང་ཏུའུ་ཅང་ཡན་ནས་དབུན་ཁྲོན་བར་དང་དབུན་ཁྲོན་ནས་འབར་ཁམས་བར་གྱི་མུ་ཏིག་སྟར་ལ་བརྒྱུད་པའི་རི་ལམ་གཅིག་རྗེས་གཉིས་མཐུད་ངང་མཐུད་པ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མའི་རིམ་པ་མཐོ་རུ་ཕྱིན་ཁར། གྲོང་གསེབ་ཀྱི་གཞུང་ལམ་ཡང་ཕྱོགས་གང་སར་སྣུར་སྲིང་བྱུང་ནས་སི་ཁྲོན་གྱི་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡངས་པའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།