འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན།

    —— དབུན་ཁྲོན་གྱི་ས་ཡོམ་ཚབས་ཆེན་ཕོག་ཁུལ་སི་ཁྲོན་གེཌ་ཁུལ་འཕེལ་རྒྱས་དང་དར་རྒྱས་ཕྱིན་པའི་སྐོར་གྱི་དངོས་བྲིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ལོ་10རིང་འགྱུར་བ་ཇི་སྙེད་ཅིག་བྱུང་ནས་དེ་སྔ་དབུན་ཁྲོན་གྱི་ས་ཡོམ་ཚབས་ཆེན་ཕོག་པའི་ཞིག་རོའི་ཤུལ་དུ་ད་ཆ་དར་རྒྱས་འགྲོ་སྒང་གི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་ཚོ་དུ་མ་བསྐྲུན་ཡོད། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ལ་ཐོན་ལས་རྒྱུན་མཐུད་དར་ཞིང་རྒྱས་པ་དང་མི་སེར་རྣམས་བདེ་སྡོད་ལས་བརྩོན་ཡིན་པ་ལ་སོགས་མཐའ་དག་ནི་སི་ཁྲོན་གྱི་བུ་ཕྲུག་ཁྲི་སྟོང་མང་པོས་དཀའ་བ་དུ་མ་སྤྱད་ནས་གྲུབ་པ་ཤ་སྟག་རེད།
          རྨང་གཞི་བརྟན་དུ་བཏང་ནས་མཛེས་སྡུག་ལྡན་པའི་སི་ཁྲོན་བསྐྱར་དུ་བསྐྲུན།
          སྦྲང་ཆར་ཟིལ་མ་འབབ་བཞིན་པའི་དུས་སུ་མན་ཡང་ཐང་ཅ་ཧྲན་འཁྱིལ་མཚོའི་ཁུལ་དུ་བསྐྱོད་སྐབས་ལོ་10ཡི་གོང་མི་རྣམས་སེམས་ཁྲལ་ཆེན་པོ་བྱེད་དགོས་པའི་ས་ཆ་དེ་ད་ཆ་མཛེས་ཤིང་ལྟ་ན་སྡུག་པའི་རི་མོ་ཞིག་དང་འདྲ་བ་སྟེ། སྨི་300ཟིན་པའི་ལྕགས་སྒྲོམ་དམར་པོ་རི་གཉིས་ཀྱི་བར་དུ་དཔྱངས་ཤིང་། ཟམ་པའི་འོག་ཏུ་འཁྱིལ་བའི་ཆུ་མོ་མེ་ལོང་ལྟར་དྭངས་ཤིང་གཙང་བ། གཡུ་འབྲུག་འཁྱུག་པ་ལྟར་མཚོ་ངོགས་སུ་སྤྱི་ལེ་བཅུ་ལྷག་ཙམ་ཟིན་པའི་སྣུམ་ནག་ལམ་གཉིས་ཀྱིས་ཤང་དང་གྲོང་རྡལ་3དང་གྲོང་ཚོ་30ཙམ་སྦྲེལ་མཐུད་ཐུབ་སྟེ་མཐའ་འཁོར་གྱི་ཡུལ་སྐོར་དང་ཞིང་ལས་ཐོན་ལས་ཡུག་གཅིག་ཏུ་འབྲེལ་ཡོད།
          རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་ཅ་ཧྲན་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་2000ལྷག་ཙམ་ཟིན་པའི་རི་སྐེད་དུ་ཆགས་ཤིང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཁྲའོ་ཡུན་གྱིས་ས་ཡོམ་མ་བརྒྱབ་གོང་ཅ་ཧྲན་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ་དང་ཞིང་ལས་ཐོན་སྐྱེད་ཐད་གནམ་ཆུ་སྒུག་དགོས་ཀྱི་ཡོད། སླར་གསོ་བསྐྱར་སྐྲུན་བྱེད་སྐབས་ཧུའུ་ནན་ཞིང་ཆེན་གྱི་རོགས་སྐྲུན་དཔུང་ཁག་གིས་སྤྱི་ལེ་3ལྷག་ཙམ་ཟིན་པའི་ཆུ་ལོག་གཤོང་ཡུར་ཞིག་བཟོས་ཏེ་ལ་གཤམ་གྱི་ཆུ་རི་སྐེད་དུ་དྲངས་པ་དང་། ཆུ་གསོག་རྫིང་བུ་དང་ཆུ་འདྲེན་མདོང་ལམ་ཆེ་ཆུང་འདྲ་མིན་སྣ་ཚོགས་ཕན་ཚུན་ཟུང་འབྲེལ་བྱས་པས་གྲོང་ཚོའི་ཞིང་ཁ་རྣམས་ལ་དུས་ཐོག་ཏུ་ཆུ་འདྲེན་ཐུབ་སོང་། “གྲོང་ཚོའི་མ་ལམ་སྤྱི་ལེ་10ཟིན་པ་དེའང་ཧུའུ་ནན་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པ་ཞིག་རེད། ཨར་འདམ་ལམ་བུ་སྲ་ཞིང་མཁྲེགས་པས་ཕི་ཁ་རླངས་འཁོར་ཡང་འགྲོ་ཐུབ”ཅེས་ངོ་སྤྲོད་བྱས།
          ས་ཡོམ་བརྒྱབ་རྗེས་ཀྱི་ལོ་10ཡི་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་ཞིང་། ལྕགས་ལམ་ལ་ཆ་མཚོན་ན་སྐྱེལ་འདྲེན་བྱེད་ནུས་དང་ནུས་པར་མཆོང་སྐྱོད་བྱུང་ཡོད། 2009ལོའི་ཟླ་9པར། ཁྲེང་ཏུའུ་ནས་སུའེ་ཉིང་དང་ཁྲུང་ཆིང་བར་གྱི་ཤུགས་འགྲེམས་མེ་འཁོར་འཁོར་སྐྱོད་བྱེད་འགོ་ཚུགས་ནས་སི་ཁྲོན་དེ་ཉིད“ཤུགས་འགྲེམས་མེ་འཁོར་དུས་རབས”སུ་སླེབས། 2010ལོའི་ཟླ་5ཚེས་12ཉིན་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཏེ། ཁྲེང་ཏུའུ་ནས་ཏུའུ་ཅང་གཡན་བར་གྱི་མྱུར་བགྲོད་ལྕགས་ལམ་དུ་དངོས་སུ་མེ་འཁོར་ཤར་གཏོང་ཐུབ་ནས་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཏུའུ་ཅང་གཡན་གྲོང་ཁྱེར་ལ་འཕེལ་རྒྱས་ཀྱི་རྨང་གཞི་གསར་པ་བཏིང་། 2017ལོའི་ཟླ་12པར། ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་ནས་སི་ཁྲོན་ནས་པེ་ཅིང་ལ་བསྐྱོད་པའི་བགྲོད་ལམ་མྱུར་ལ་སྟབས་བདེ་བ་ཞིག་ཆགས་ཏེ“ཧྲུའུ་ལམ་དོག་པ”ནས“ཧྲུའུ་ལམ་བདེ་བའི”བར་འགྱུར་རྒྱུར་རམ་འདེགས་ཐུབ་ཡོད།
          འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། འཕྲིན་གཏོང་། གྲོང་ཁྱེར་དོ་དམ་གྱི་སྤྱི་སྤྱོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གེགས་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་སྔ་རྗེས་སུ་བསྐྲུན་པ་རེད།
          འབད་འབུངས་སྟོབས་བརྩོན་བྱས་ན་འབྲས་བུ་གཡུར་དུ་ཟ་བ་ཐོབ། གེགས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། 2017ལོར་སི་ཁྲོན་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང(གྲོང་ཁྱེར་དང་ཆུས)39ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་བཅས་ནི་2007ལོའི་ལྡབ་3.2དང་། ལྡབ་5.4 ལྡབ་4.1 ལྡབ་5.1བཅས་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30278དང་སྒོར་14092སོ་སོར་ཟིན་པ་ནི་ས་ཡོམ་མ་བརྒྱབ་གོང་གི་ལྡབ་2.8དང་ལྡབ་3.7ཡིན་པ་རེད།
          ཐོན་སྐྱེད་དར་རྒྱས་བཏང་ནས་དམངས་ཕྱུག་གི་སྙན་དབྱངས་དཀྲོལ་བ།
          ས་ཡོམ་བརྒྱབ་རྗེས་རྔ་པ་ཀྲོའུ་ཡིས་ཅ་ཧྲན་གྲོང་ཚོ་ཚུད་པའི་གྲོང་ཚོ་དབུལ་པོ་ཚང་མར་རང་གི་ཁྱད་ཆོས་ལ་གཞིགས་ནས་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་པ་དང་། བེད་མེད་རང་དགར་བཞག་པའི་ས་ཞིང་དང་ས་སྟོང་ཐོག་སྐྱེ་འཛུགས་བྱ་རྒྱུར་འཚམ་པའི་སེའུ་དམར་ཆུང་དང་། ལི་ཙི། ཀུ་ཤུ་སོགས་ཁྱད་ལྡན་འབྲས་ཤིང་འདེབས་རྒྱུར་ལྕག་སྐུལ་བཏང་ཡོད། འདི་ལོའི་ཟླ་5པར་ལི་རྫོང་ལན་ཐུང་ཀུང་སིས་མ་དངུལ་སྒོར་ཁྲི་60ཙམ་བཏང་ནས་ཅ་ཧྲན་གྲོང་ཚོར་དྲ་རྒྱའི་སྦྲེལ་ཚུགས་བསྐྲུན་པ་དང་གྲོང་ཚོས་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྐད་འཕྲིན་སོགས་ཀྱི་བྱ་ཐབས་བརྒྱུད་རང་ཁྱིམ་གྱི་ཞིང་ལས་ཐོན་ཟོག་ཁྱབ་གདལ་གཏོང་སྟངས་སྦྱངས་ཡོད།
          “གྲོང་ཚོའི་ནང་ད་ཆ་གཡེར་མའི་རྟེན་གཞི་མུའུ་360ཡོད་པ་དང་གཡེར་མའི་སྡོང་རྐང་ཁྲི་3ལྷག་ཙམ་ཡོད་པར་ལོར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་གྱི་ཡོད”ཅེས་མའོ་རྫོང་པའེ་ཤི་ཤང་ཏུའུ་ཅ་ཕིང་གྲོང་ཚོའི་ཀྲུའུ་རེན་ཏུའུ་ཞའོ་ལང་གིས་བཤད་ཅིང་། ཁོང་གིས་ས་ཡོམ་མ་བརྒྱབ་གོང་ཏུའུ་ཅ་ཕིང་གྲོང་ཚོའི་ཡོང་འབབ་གཙོ་བོ་མ་རྨོས་ལོ་ཏོག་དང་ཞོག་ཁོག་སོགས་བཏབ་པ་ལས་ཡོང་གི་ཡོད། ལོ་འདི་དག་རིང་ས་ཞིང་བརྒྱུད་བཤུག་དང་གྲོང་མི་མ་འཇོག་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གཡེར་མ་དང་འབྲས་ཤིང་དང་དེ་བཞིན་ནགས་ཁྲོད་འདེབས་འཛུགས་འཕེལ་རྒྱས་བཏང་བར་2017ལོ་ཧྲིལ་པོར་གྲོང་ཚོ་ཡོངས་སུ་ཐོན་ལས་ཡོང་འབབ་ཁྱོན་སྒོར་ཁྲི་4300ལྷག་ཙམ་བྱུང་བ་དང་ཞིང་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.2བྱུང་ཡོད་ཅེས་ངོ་སྤྲོད་བྱས།
          བཟོ་ལས་དང་། ཁྱད་ལྡན་ཞིང་ལས། ཡུལ་སྐོར། རིག་གནས་སོགས་ཐོན་ལས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་སི་ཁྲོན་གེགས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱང་ཞོར་དུ་དར་རྒྱས་བྱུང་ཡོད། ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་བཟོ་གྲྭ་ཏེ་ཡང་རྟེན་གཞིའང་ས་ཡོམ་རྗེས་ཀྱི་ཉིན་ལྔ་པར་ཐོན་སྐྱེད་སླར་གསོ་ཐུབ་པ་དང་ས་ཡོམ་བརྒྱབ་ནས་ཉིན་80སོང་རྗེས་རྟེན་གཞི་གསར་པ་སྐྲུན་འགོ་ཚུགས་པ་དང་ས་ཡོམ་བརྒྱབ་ནས་ལོ་གཉིས་སོང་རྗེས་ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་བཟོ་གྲྭ་གསར་པ་བསྐྲུན་ཟིན་ཡོད།
          གེགས་ཁུལ་གྱི་ས་ཆ་ཁག་གིས་ད་དུང་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། རྟེན་གཞི་སྐྲུན་པ་དང་། ལས་སྣོན་བྱེད་པ། སྤུས་རྟགས་གཏོད་པ་བཅས་བྱས་ནས་དེང་རབས་ཀྱི་ཞིང་ལས་ཐོན་ལས་མཉམ་འདྲེས་ཀྱི་དཔེ་སྟོན་ཁུལ་59བཏོད་པ་དང་ཐན་ཧྥུའུ་ཡོན་དང་། ཧྲུའུ་ལམ། ཀོང་ཡོན་གྱི་ཡུལ་ཟོག་བདུན། པ་ཟས་པ་འཚམ། ས་གཙང་རྔ་པ། མོང་ཏིང་ཇ། ཕིང་ཝུའུ་ཡི་སྦྲང་རྩི་སོགས་ཞིང་ལས་ཐོན་ཟོག་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་ཡོད།
          དམངས་འཚོར་ཕན་བཏགས་ནས་དོན་་བཟང་མི་སེམས་ལ་ཟུག་པར་བྱས་པ།
          དབུན་ཁྲོན་རྫོང་ཝེ་ཀྲོའུ་གྲོང་རྡལ་ཉི་འོད་སྡེ་ཁུལ་དུ་སྐྱོད་སྐབས་གྲོང་མི་གཉིས་རེ་གསུམ་རེ་ཐང་ཆེན་དུ་བསྡད་ཡོད་པ་དང་ཕྲུ་གུ་ཚོས་ཐང་ཆེན་གྱི་དཀྱིལ་དུ་རྩེད་འཇོར་རོལ་བཞིན་འདུག
          གསར་འགོད་པས་མིང་ལ་སུའུ་ཆིན་ཝུན་ཟེར་བའི་རྒད་པོ་ཞིག་དང་གླེང་མོལ་བྱས། “སྡེ་ཁུལ་གྱི་ཟུར་དུ་རྫོང་སྨན་ཁང་ཡོད་པས་ང་དང་བཟའ་ཟླ་སྨན་ཁང་དུ་སྐྱོད་དུས་སྟབས་བདེ་པོ་འདུག ཆ་ཚང་བའི་བུ་བཅོལ་ཁང་དང་སློབ་ཆུང་གི་སྤུས་ཚད་ཀྱང་ཧ་ཅང་ཡག་པོ་འདུག”ཅེས་སུའུ་ཆིན་ཝུན་གྱིས་བཤད། ཁོང་ནི་རྒན་ཡོལ་ཞུས་པའི་དགེ་རྒན་ཞིག་ཡིན་ཞིང་། སྡེ་ཁུལ་ད་དུང་འཛུགས་སྐྲུན་བྱེད་སྒང་ཡིན་པ་དང་ཁོང་ས་ཆ་དེར་ཧ་ཅང་མོས་པོ་བྱུང་ཡོད། ད་ཆ་ཚ་བོ་དང་ཚ་མོ་ཚང་མ་ཉེ་འགྲམ་གྱི་སློབ་ཆུང་དང་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད་པ་རེད།
          སི་ཁྲོན་གྱིས་དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་གེགས་ཁུལ་གྱི་སློབ་གསོའི་སྒྲིག་གཞི་ཁག་3340དང་། སྨན་བཅོས་ཞབས་ཞུའི་སྒྲིག་གཞི་2032 སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་གཞི་1115 གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་རྣམ་གྲངས་ཁག་4379བཅས་སླར་གསོ་བསྐྱར་སྐྲུན་བྱས་པ་དང་། ས་ཡོམ་གྱིས་རྐྱེན་པས་ས་ཆ་དང་ལས་ཀ་ཤོར་བའི་མི་ཁྲི་157.5ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ། སློབ་གྲྭ་དང་སྨན་ཁང་གི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཡོམ་འགོག་ཚད་གཞི་ཡུལ་དེ་གའི་དམངས་སྤྱོད་སྐྲུན་དངོས་ལས་རིམ་པ་གཅིག་མཐོ་རུ་བཏང་ཡོད་པ་རེད།
          ཅང་ཡིའུ་གྲོང་ཁྱེར་དང་ལུའོ་ཅང་ཆུས་སོགས་རྫོང(གྲོང་ཁྱེར་དང་ཆུས)7གྱིས་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་ལེགས་གྲུབ་ལྡན་པའི་ངང་བཏོད་པ་དང་། ཚང་ཤིས་རྫོང་ཝུན་ཅ་ཅའོ་གྲོང་ཚོ་དང་ལུའུ་ཧྲན་རྫོང་ཕྱིང་ལུང་གྲོང་ཚོ་སོགས་གྲོང་གསེབ་6ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ལ་བདམས་ཡོད། དབུན་ཁྲོན་ཆུ་འཁོར་གྲོང་རྡལ་ལ་ད་དུང“གོ་ལ་ཧྲིལ་པོའི་གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་ཇུས་འགོད་ཡག་ཤོས་ཀྱི་དཔེ་མཚོན་བྱ་དགའ”རག་ཡོད།
          ལོ་10རིང་གི་སླར་གསོ་བསྐྱར་སྐྲུན་དང་། དར་རྒྱས་གོང་འཕེལ། ཐོབ་ཚོར། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་གེགས་ཁུལ་མི་དམངས་ཀྱི་འཛུམ་མདངས་འཕྱུར་བའི་ངོ་གདོང་རེ་རེ་ལས་མངོན་པ་དང་། སི་ཁྲོན་བུ་ཕྲུག་ཚོས་དཔའ་སྟོབས་ཀྱིས་ཕྱུག་ཅིང་ལག་གདང་སྦྲེལ་ཏེ་གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།