མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཀྲུང་རི་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བར་དྲན་
གསོ་ཞུ་བའི་བྱེད་སྒོ་དང་རི་པིན་ལ་འཚམས་འདྲི་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་
མ་ཟད་གཏམ་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་ཉིན་དགུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐོ་ཁེའོ་རུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ལྷན་དུ་ཀྲུང་རི་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་ཙུང་ལི་ལི་ཁེ་ཆང་རི་པིན་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ཀྱང་གནང་བ་རེད།
         ལི་ཁེ་ཆང་གིས་འདི་ལོ་ནི་ཀྲུང་རི་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་ཀྲུང་རིའི་འབྲེལ་བ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་ཞིག་བརྒྱུད་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ་དཀའ་ངལ་སྣ་ཚོགས་ཀྱང་འཕྲད་ཡོད། ཆིངས་ཡིག་ནང་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་《ཀྲུང་རིའི་མཉམ་འབྲེལ་གསལ་བསྒྲགས་》ཀྱི་རྩ་དོན་ཁག་གཏན་འཁེལ་བྱས་པའི་ནང་རི་པིན་ཕྱོགས་ཀྱིས་དམག་འཁྲུག་གི་འགན་འཁྲིར་རང་སྐྱོན་རང་བརྟག་གཏིང་ཟབ་བྱ་རྒྱུ་དང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྣམ་འགྱུར་འཛིན་སྟངས་གལ་ཆེན་ཚུད་ཡོད་ལ་ཀྲུང་རི་རྒྱལ་ཁབ་གཉིས་པོའི་དབར་ཡུན་རིང་མཛའ་མཐུན་ཡོང་བ་བྱེད་དགོས་པ་གསལ་པོ་བསྟན་ཡོད་པ་དེས་ཀྲུང་རིའི་འབྲེལ་བར་ཆབ་སྲིད་ཀྱི་རྨང་གཞི་དང་བཅའ་ཁྲིམས་ཀྱི་ཚད་གཞི་ཞིག་གཏན་འཁེལ་བྱས་པ་དང་ཡང་དག་པའི་ཁ་ཕྱོགས་གསལ་པོ་བསྟན་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཀྲུང་རིའི་ཆབ་སྲིད་ཀྱི་ཡིག་ཆ་བཞི་ནི་ཀྲུང་རིའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ངེས་པར་དུ་མཐའ་འཁྱོངས་བརྟན་པོ་བྱེད་དགོས་པའི་ཕྱོགས་སྟོན་དང་གཞི་འཛིན་ས་ཡིན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཡིག་ཆ་བཞི་པོར་བརྩི་སྲུང་ནན་པོ་ཞུས་ཚེ་ཀྲུང་རིའི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་རྒྱུན་འཁྱོངས་བྱེད་ཐུབ་ཅེས་གསུངས་པ་རེད།
          ལི་ཁེ་ཆང་གིས་ད་ཐེངས་རི་པིན་ལ་འཚམས་འདྲི་བྱེད་རིང་ངས་རི་པིན་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་འདས་ཟིན་པའི་ཉམས་མྱོང་དང་བསླབ་བྱར་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་ཀྲུང་རིའི་འབྲེལ་བ་རྒྱུན་གཏན་གྱི་འགྲོ་ལམ་ཐོག་བསྐྱར་དུ་བསྐྱོད་རྒྱུར་སྐུལ་འདེད་དང་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དམིགས་ཚད་མངོན་འགྱུར་ཡོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་། ཆབ་སྲིད་ཐད་ང་ཚོ་ཚང་མས་ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་ཏེ་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་། མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་ལམ་སྲོལ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། འགལ་ཟླ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱ་རྒྱུ་བཅས་ལ་མོས་མཐུན་བྱུང་ཡོད། དཔལ་འབྱོར་ཐད། ང་ཚོ་ཚང་མས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་དམིགས་ཏེ་ཀྲུང་རིའི་དངོས་སྒྲུབ་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུའི་མོས་མཐུན་བྱུང་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ཐད་ང་ཚོས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དམངས་སེམས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ། དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་རིའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།